ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་བསྡུས་པ།

2018-05-18 སངས་སྐྱབས།
འཚོགས་འདུའི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་5ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཡི་སྟེང་བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་གི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་པ་དང་། ཀྲུའུ་རེན་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
པར་འདི་ནི་ཀྲུའུ་རེན་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་གསུངས་བཤད་གནང་བཞིན་པ།
          འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་བརྒྱུད།  བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་ཡག་པོ་སྒྲུབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གང་མང་ཕུལ་དགོས།
པར་འདི་ནི་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སྐབས་གསར་པའི་ཁོངས་མི་ལ་གདན་ཞུའི་དཔང་ཡིག་སྤྲོད་བཞིན་པ།
          ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་ལིའུ་ཝེ་ཡིས་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སྐབས་བརྗེ་བའི་སྐོར་གྱི་ཡིག་ཆ་ཁྱབ་བསྒྲགས་གནང་པ་མ་ཟད། ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སྐབས་གསར་པའི་ཁོངས་མི་རྣམས་ལ་གདན་ཞུའི་དཔང་ཡིག་གནང་པ་དང་། ཨུ་ཡོན་མཐུ་སྟོབས་སེང་གེ་དང་བསོད་ནམས་ཕུན་ཚོགས་ཀྱིས་ཨུ་ལྷན་ཡོངས་ཀྱི་ཚབ་ཞུས་ནས་གདན་ཞུའི་དཔང་ཡིག་དང་ལེན་བྱས་པ་རེད། 
གཞན་ཡང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་བྱས་པ་སྟེ། ཟླ་འདིའི་ཚེས་2ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་དགེ་སློབ་དང་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་སྒྲོག་འདོན་དང་སློབ་སྦྱོང་བྱས།
པར་འདི་ནི་སྒྲུབ་ཁང་ཐུབ་བསྟན་མཁས་སྒྲུབ་གྱིས་སྙན་ཞུ་འབུལ་བཞིན་པ།
          ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ལས་དོན་སྙན་ཞུ་ཕུལ།  
          ཁོང་གིས་གསུངས་རྒྱུར། འདས་པའི་ལོ་ལྔའི་ནང་། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་འོག་དང་། རྒྱ་ཆེའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རྒྱབ་སྐྱོར་འོག མཛུབ་སྟོན་ཨུ་ལྷན་དང་བོད་བརྒྱུད་ནང་བསྟན་སློབ་གླིང་ཁག་གིས་ལོ་མང་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ཡོན་གནས་ལས་ཀའི་རྣམ་པ་བཟང་པོ་གཞི་རྩའི་ཆ་ནས་གྲུབ་ཡོད།  གཞན་ཡང་། མ་འོངས་པའི་ལོ་ལྔའི་རིང་། ཡོན་གནས་ལས་དོན་ཚན་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིམ་གསུམ་ཡོན་གནས་མ་ལག་འཛུགས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། མཛུབ་སྟོན་ཨུ་ལྷན་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
པར་འདི་ནི་གླིང་གཙོ་གཞོན་པ་གནམ་ལྷ་བཀྲ་ཤིས་ཀྱིས་སྙན་ཞུ་འབུལ་བཞིན་པ།
          མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་གནམ་ལྷ་བཀྲ་ཤིས་ཀྱིས《བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་གཞི་རྩོམ་སྒྲིག་སྐོར་གྱི་ལས་ཀའི་སྙན་ཞུ》ཕུལ་བ་སྟེ། ཁོས་འདས་པའི་ལོ་གསུམ་རིང་གི་སློབ་གཞི་རྩོམ་སྒྲིག་གི་ལས་ཀའི་གོ་རིམ་དང་གཙོ་གནད་སོགས་ལ་གསལ་བཤད་བྱས་པ་མ་ཟད། འབྲེལ་ཡོད་དགོན་སྡེ་སོ་སོས་སློབ་གཞི་རྩོམ་སྒྲིག་ལས་ཀར་རྒྱབ་སྐྱོར་དང་མཐུན་རྐྱེན་བླ་ལྷག་བཟོས་པར་གདེང་འཇོག་མཐོན་པོ་གནང་པ་དང་། གཞན་ཡང་འཕྲད་པའི་དཀའ་ངལ་དང་མི་འདང་བའི་ཆ་སོགས་ལ་ཕྱིར་རྟོག་བྱས་ཤིང་། རིམ་པ་རྗེས་མའི་ལས་ཀའི་འཆར་གཞི་ལ་སོགས་པ་ཡང་སྙན་ཞུ་གནང་ཡོད་པ་རེད།
འཚོགས་འདུའི་ཡུལ་དངོས།
འབྲེལ་ཡོད་རྩོམ་ཡིག