ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་གྱིས་ཡུག་རེན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

2018-05-18 སངས་སྐྱབས་ཀྱིས་བསྒྲིགས།
            ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ཡུག་རེན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད། 
            རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅང་ཅེ་དང་སྤེན་པ་བཀྲ་ཤིས་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། 
            ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཡུག་རེན་གྱི་འཐུས་མི་ཚོགས་པ་ཀྲུང་གོའི་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་གནང་བ་རེད། ཝུའུ་དབྱིང་ཅེས་ཀྲུང་ཡུག་གི་མཛའ་གྲོགས་མཉམ་ལས་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཡུག་རེན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ཁས་བརྟན་པོ་བླངས་པར་བསྔགས་བརྗོད་ཀྱང་གནང་ཞིང་། ཝུའུ་དབྱིང་ཅེས་ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་ནི་སྔར་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། བོད་རྙིང་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པས་མི་འབོར་གྱི་5%ཙམ་ལས་མི་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བཟུང་བ་དང་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་སྟབས་ཡ་ཧ་ཅང་ང་བའི་འཚོ་བ་སྐྱེལ་གྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་དུ་ཞི་བས་བཅིངས་འགྲོལ་བཏང་ནས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཏེ་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་མུན་ནག་ནས་འོད་སྟོང་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་ཀྱི་ཕྱོགས་སུ་བསྐྱོད་པ་མ་ཟད། ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ཏེ་སྐུ་ངོ་མས“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒོར་དུང་ཕྱུར་ཁྲི་1ཙམ་གཏོང་རྒྱུའི་མ་འཇོག་རྣམ་གྲངས་གལ་ཆེན་གཏན་འཁེལ་གནང་ཡོད་ལ། རྒྱུན་ཆད་མེད་པར་ཏང་གི་བོད་སྐྱོང་མཛད་ནུས་མུ་མཐུད་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་ཁར། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་མ་ཟད། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་འཐབ་ཇུས་གནས་བབ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་གནང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་བརྩི་སྲུང་མཁོ་འདོན་དང་གསོན་ཤུགས་ཆེན་པོ་བསྣན་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཐུན་མོང་འབད་འཐབ་བཅས་ཀྱི་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་བྱུང་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ཡན་ཚད་བརྒལ་བྱུང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་། དམངས་འཚོ་ལེགས་སུ་ཆེན་པོ་བྱུང་བ། སྣོད་བཅུད་ཁོར་ཡུག་ལེགས་པ་རྒྱུན་འཁྱོངས། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ། སྲོལ་རྒྱུན་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ། མི་རིགས་ཕུལ་བྱུང་ལས་བྱེད་པ་འབོར་ཆེན་འགོ་ཁྲིད་ཀྱི་ལས་གནས་གལ་ཆེན་ཐོག་འཁོད་པ། བརྟན་ལྷིང་འཕེལ་རྒྱས་སྣོད་བཅུད་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཉེ་འགྲམ་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་བོད་ཀྱི་མི་རིགས་ཁག་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གཏིང་ཟབ་ཚོར་བ་དང་། སེམས་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་པ་མ་ཟད། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་འགུལ་ངང་སྲུང་སྐྱོང་བྱེད་ཀྱི་ཡོད། ཚང་མས་བོད་དུ་མང་ཙམ་ཡོང་བ་དང་མང་ཙམ་བལྟས་ནས་བོད་ཀྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པར་དངོས་སུ་མྱོང་རོལ་བྱས་ཏེ་ཇི་མ་ཇི་བཞིན་དང་དར་རྒྱས་ཉམས་བཟང་གི་བོད་ལྗོངས་ཤིག་ཡུག་རེན་མི་དམངས་ལ་ངོ་སྤྲོད་བྱ་རྒྱུའི་རེ་བ་ལྷག་བསམ་ཟོལ་མེད་བཅངས་བཞིན་ཡོད་ཅེས་ནན་བཤད་གནང་། 
            ཡུག་རེན་གྲོས་ཚོགས་རིག་གནས་བསམ་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཨང་དང་པོ་དང་འཐུས་མི་ཚོགས་པའི་ཚོགས་གཙོ་ཡེ་ལེན་སི་ཅི·ཝེ་ཁོ་ཐུའོ་འར་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ཁྱད་འཕགས་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས། ཡུག་རེན་དང་ཀྲུང་གོའི་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ཞིང་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། ཡུག་རེན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ད་རེས་ཀྱི་འཚམས་འདྲི་བརྒྱུད་ཀྲུང་གོའི་བོད་ལྗོངས་ལ་ཤེས་རྟོགས་སྔར་བས་ཟབ་ཏུ་སོང་སྟེ་ཡུག་རེན་དང་ཀྲུང་གོའི་མཛའ་གྲོཌ་ཟབ་གཏོང་དང་སྤེལ་རེས་མཉམ་ལས་དམ་ཟབ་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
འབྲེལ་ཡོད་རྩོམ་ཡིག