ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ནས་“རི་སྔོ་ཆུ་དྭངས”དེས་“མཛེས་སྡུག་གི་ཕན་འབྲས”བསྐྱེད་དེ་ལྗོངས་ཡོངས་ཀྱི་ཡུལ་སྐོར་“གསེར་རི་དངུལ་རིར”བསྒྱུར།

2018-05-18 པདྨ་ཚེ་རིང་གིས་བསྒྱུར།
དཔྱད་གཞིའི་རི་མོ།
            བོད་ལྗོངས་ལ་ཁྱད་དུ་འཕགས་པའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་དེ་“རི་སྔོ་ཆུ་དྭངས་”དང་“གསེར་རི་དངུལ་རི”ཟུང་འབྲེལ་ལེགས་པོ་བྱས་ཏེ། “ཁྱད་ལྡན་དང་། མཐོ་རིམ། རྩེ་གྲས”བཅས་ཕྱོགས་སྟོན་དུ་བཟུང་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་གང་ཐུབ་དང་“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་”འཛུགས་སྐྲུན་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ད་ཆ་ཡུལ་སྐོར་ལས་རིགས་དེ་བོད་ལྗོངས་ཀྱིས་ཕྱི་སྒོ་འབྱེད་པའི་སྒེའུ་ཁུང་ལྟ་བུའི་ཐོན་ལས་དང་། “དམངས་ཕྱུག་བོད་དར”གྱི་ཀ་རྟེན་ཐོན་ལས།  བོད་ལྗོངས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་བཅས་སུ་གྱུར་ཡོད་པ་རེད། 
“དགུན་གྱི་བོད་ལྗོངས་ཡུལ་སྐོར”ཡོངས་ཕྱེས་ཏེ།   ཕྱོགས་བཞིའི་མགྲོན་པོ་དགའ་བའི་འཛུམ་གྱིས་བསུ། 
            ཟླ་2པའི་ཚེས་16ཉིན་ནི་ལུགས་རྙིང་ལོ་གསར་ཚེས་གཅིག་རེད། རླངས་དུང་གི་འདུར་སྒྲ་དང་མཉམ་དུ་བོད་ལྗོངས་ལ་ཡོང་བའི་ཡུལ་སྐོར་མེ་འཁོར་ལྷ་སའི་བབས་ཚུགས་སུ་སླེབས། དགུན་གྱི་བོད་ལྗོངས་ཡུལ་སྐོར་བྱེད་སྒོ་སྤེལ་ཚུན་ནས། བོད་ལྗོངས་ཀྱིས་བསྟུད་མར་མི་བརྒྱ་ཡན་གྱི་གཙང་གླས་གནམ་གྲུ་དང་ཆེད་སྤྱོད་མེ་འཁོར་ཐེངས་དུ་མ་ཞིག་བསུས། 
            ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཁོར་ཡུག་གི་རྐྱེན་པས། བོད་ལྗོངས་ཀྱི་ཡུལ་སྐོར་སྔོན་ཆད་ནས་“ཚ་གྲང་ཆ་མི་སྙོམས་པའི”སྣང་ཚུལ་ཚབས་ཆེན་ཡོད། ལོ་ལྟར་ཟླ་11པ་ནས་ཕྱི་ལོའི་ཟླ་3པའི་བར་ནི་ས་མཐོའི་ཡུལ་སྐོར་ཉུང་བའི་དུས་ཚིགས་ཡིན། ས་ཁོངས་ཧྲིལ་པོའི་ལོ་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ད་ལོའི་ཟླ་2པའི་ཚེས་1ཉིན་བོད་ལྗོངས་ཀྱིས་“དགུན་གྱི་བོད་ལྗོངས་ཡུལ་སྐོར་ཏེ། འཛམ་གླིང་ཡང་རྩེ་ཀུན་གྱིས་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་དང་། ཟླ་2པའི་ཚེས་1ཉིན་ནས་ཟླ་4པའི་ཚེས་30བར་ཡུལ་སྐོར་བས་ལྗོངས་ཁུལ་115ཡི་Aརིམ་པའི་ལྗོངས་ཁུལ་གྱི་སྤ་སེ་ཉོ་མི་དགོས་པ་དང་། སྐར་མ་རིམ་པ་ཅན་གྱི་མགྲོན་ཁང་དང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་སོགས་ལ་རིན་གོང་གཅོག་པའི་བྱེད་ཐབས་ལག་བསྟར་བྱས། ཉིང་ཁྲིའི་བྲག་གསུམ་མཚོའི་ལྗོངས་ཁུལ་གྱིས་དགུན་གྱི་ཡུལ་སྐོར་བྱེད་སྒོ་དང་བསྟུན་ནས། ཡུལ་སྐོར་བའི་སྣེ་ལེན་ཞུ་ཚད་ཐོག་མའི་ཟླ་བ་གསུམ་གྱི་རིང་གི་དུས་མཚུངས་ལས་ལྡབ་6ལ་ཉེ་བ་འཕར་བ་དང་། “ཁམ་བུའི་མེ་ཏོག་དུས་ཆེན”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་འཕར་བ་50%ཟིན། ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཀྱང་ཟླ་2པར་དུས་མཚུངས་ལས་འཕར་བ་230%ཟིན་པ་རེད། 
            ཀོང་ཤིས་ཀྱི་ཡུལ་སྐོར་བ་ཚིན་ཡུས་ལིན་གྱིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ནང་མི་ཚོ་དང་མཉམ་དུ་དགུན་གྱི་བོད་ལྗོངས་ཡུལ་སྐོར་མཛད། “སྒོ་འཛིན་རིན་མེད་དང་། གནམ་གྲུའི་སྤ་སེ། ཞག་སྡོད་རིན་གོང་གཅོག་པ་བཅས་ཀྱི་གཟིགས་སྐྱོང་ཡོད་པ་མ་ཟད། དགུན་དུས་ཀྱི་མཛེས་ལྗོངས་དེ་བས་ཀྱང་ཉམས་དགའ་བ་ཞིག་ཡིན་ལ། དམངས་སྲོལ་བྱ་འགུལ་སྣ་ཚོགས་ངོ་མཚར་ཆེ་བས་དངོས་གནས་ཡུལ་སྐོར་བྱེད་རིན་ཡོད་པ་ཞིག་རེད”ཅེས་ཁོང་གིས་གསར་འགོད་པར་བཤད།
            བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་སྐུལ་འདེད་དང་མཉམ་ལས་ཁྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོའི་སྐབས་སུ་ཡུལ་སྐོར་སྡེ་ཁག་གིས་“དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་མཉམ་དུ་རོལ་བ”ཞེས་པ་དང་། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སོགས་ཀྱི་ཐོན་རྫས་བཏོན་པར་མ་ཟད། བདེ་འཇགས་ལྟ་སྐུལ་དང་མེ་ཟོན་སོགས་སྡེ་ཁག་གིས་སྐར་མ་རིམ་པའི་མགྲོན་ཁང་དང་། གཙོ་གནད་ལྗོངས་ཁུལ་ལ་ལྟ་སྐུལ་ནན་བཤེར་བྱས་ཏེ། ཡུལ་སྐོར་བ་ཚུར་ཡོང་ཐུབ་པ་དང་ཡུལ་སྐོར་བྱེད་ཐུབ་པར་ཁག་ཐེག་བྱས། དེ་ནི་“འཛམ་གླིང་ཡང་རྩེའི”ཚོང་རྟགས་ཀྱི་སྣང་བརྙན་གཏོད་པ་ཞིག་ཡིན་པ་མ་ཟད། ས་གནས་སོ་སོའི་ཡུལ་སྐོར་ཁྲོམ་ར་སྐུལ་ཁྲིད་བྱས་པ་ཞིག་ཀྱང་ཡིན། 
            བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བསྡོམས་རྩིས་གཞི་གྲངས་ལས་གསལ་བ་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར། བོད་ལྗོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་དེ་མི་གྲངས་ཐེངས་ཁྲི་266.7ཡོད་པ་དང་དུས་མཚུངས་འཕར་ཚད་63.5%ལ་སླེབས། དེས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་35ལྷག་ཙམ་ཟིན་པ་དུས་མཚུངས་ལས་འཕར་བ་62.8%ཟིན། ལྷ་ས་དང་ཉིང་ཁྲི་སོགས་ཀྱི་མགྲོན་ཁང་གི་ཆ་སྙོམས་འགྲུལ་པ་སྡོད་ཚད་50%བརྒལ་བ་དང་། དེའི་ནང་རྒྱལ་སྤྱིའི་དང་རྒྱུད་འབྲེལ་སྤུས་དག་ཡུལ་སྐོར་བ་ཞག་སྡོད་བྱེད་ཚད་80%ཡན་ཟིན་པས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་ཞིག་རེད།
            ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་མངོན་འགྱུར་བྱུང་བར་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཞིབ་འཇུག་བྱས་ཏེ་ཐག་གཅོད་གནང་དོན། རྒྱལ་ཁབ་ལ་དབང་བའི་གཙོ་གནད་ལྗོངས་ཁུལ་གྱི་སྒོ་འཛིན་དང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་བཅས་ཀྱི་རིན་གོང་གཅོག་པའི་གཟིགས་སྐྱོང་བྱེད་ཐབས་དེ་སྔར་གཏན་ཁེལ་བྱས་པའི་མཚམས་འཇོག་དུས་ཚོད་ནས་ཟླ་6ཚེས་30བར་ཕྱི་འགྱངས་བྱས།
ཐེངས་གཅིག་བོད་ལྗོངས་བསྐྱོད་པ་དེས། ཚེ་གཅིག་བོད་ལྗོངས་དུངས་ཞེན་བསྐྱེད། 
            “ཐེངས་གཅིག་བོད་ལྗོངས་བསྐྱོད་པ་དེས། ཚེ་གཅིག་བོད་ལྗོངས་དུངས་ཞེན་བསྐྱེད། དྲི་མེད་ཁ་བཏགས་དཀར་པོས་མཛའ་བརྩེ་ཟབ་མོ་བསྟན་ནས་ཡོང་། དགའ་བསྐྱེད་ནས་ཆང་སྔོན་མོས་ང་ཡི་དགའ་སྐྱིད་སྤྲོ་སྣང་རྒྱས་ནས་ཡོང་།” བོད་ལྗོངས་སུ་ཡུལ་སྐོར་བྱས་ནས་ཟླ་འགའ་ཞིག་འགོར་ཡོད་ནའང་། ལོ་ན་25ལ་སླེབས་པའི་ཤང་ཀང་གི་ཡུལ་སྐོར་བ་ཀྲང་ཐེན་ཅིན་གྱིས་“གངས་ལྗོངས་ས་མཐོ། ང་ཡང་བསྐྱར་ལོག་ཡོང་གི་ཡིན།”ཞེས་བཤད། ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་གཉིས་ཉིན་གཅིག་ཏག་ཏག་ལ་འཁེལ་ཡོད། ལྷ་སའི་ཡུལ་སྐོར་ལས་དོན་ཁང་སོ་སོས་ལོ་གསར་སྐབས་ཀྱི་ཡུལ་སྐོར་ལམ་ཐིག་བཏོན་པ་དང་། དེ་ལ་བོད་ཁྱིམ་དུ་མགྲོན་པོ་སོང་ནས་དགུ་ཐུག་བཞེས་པའམ། “ལྕེ་ཐོག་གི་བོད་ལྗོངས”ཉམས་སུ་མྱོང་བ་སོགས་ཡོད་པས། ཡུལ་སྐོར་བ་རྣམས་ལ་“རིག་གནས་ཡུལ་སྐོར”བྱེད་པའི་ཚོར་བ་ཡོད་པ་མ་ཟད། ས་གནས་དེ་གའི་མང་ཚོགས་དབར་གྱི་བརྩེ་གདུང་ཡང་དམ་ཟབ་ཏུ་ཕྱིན་པ་རེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་“ཡུལ་སྐོར་ལས་རིགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་སྔར་ལས་མངོན་གསལ་རེད།”ཅེས་གསུངས། 
            ཉིན་བདུན་རིང་ལ་བོད་ལྗོངས་ཡུལ་སྐོར་བྱས་པའི་ལོ་ན་53ལ་སླེབས་པའི་ཆའོ་ཁྲུན་ཡན་གྱིས་བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཐོང་བ་མ་ཟད། ད་དུང་ལོ་ན་24ལ་སོན་པའི་བོད་རིགས་ཁ་ལོ་བ་བཀྲ་དོན་ལ་གྲོགས་པོ་བསྒྲིགས། གྱེས་ཁར་བཀྲ་དོན་གྱིས་ཁ་རོག་ངང་ཤ་སྐམ་དང་ཕྱུར་བ་ཁོང་མོའི་ཡུལ་སྐོར་སྒམ་ཆུང་ནང་དུ་བཅུག་པས་ཆའོ་ཁྲུན་ཡན་ལ་ཡིད་འགུལ་དྲག་པོ་ཐེབས་སུ་བཅུག་པ་རེད།
            ཡུལ་སྐོར་ལས་རིགས་དེ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཐད་ཀར་གྱི་“སྒེའུ་ཁུང་”ཞིག་ཏུ་གྱུར་ཡོད། “ངལ་རྩོལ་དུས་ཆེན”རིང་། ཨ་རིའི་ཡུལ་སྐོར་བ་ཅི་མུའུ་•སྨི་ལེས་གཞི་ནས་བོད་ལྗོངས་སུ་ཡུལ་སྐོར་བྱས་ཚར་སོང་། ཁོང་གིས་“ཀྲུང་གོའི་གཏམ་དཔེ་ལ་‘ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལེགས’ཟེར་བ་ལྟར། གནས་འདི་སྔོན་ཆད་རང་གིས་གོ་ཐོས་བྱུང་བ་དང་གཏན་ནས་མི་འདྲ། གྲོང་ཁྱེར་བདེ་འཇགས་བརྟན་ལྷིང་ཡིན་ལ། མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་ཞི་མཐུན་དང་འཆམ་ཞིང་སྐྱིད་པའི་རྣམ་པ་ཞིག་རེད།”ཅེས་གསུངས།
            བསྡོམས་རྩིས་བྱས་པར་གཞིགས་ན་ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་བོད་ལྗོངས་ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྣེ་ལེན་ཞུས་པ་དེ་བསྡོམས་ན་མི་གྲངས་ཐེངས་ཁྲི་4ལ་ཉེ་བ་དང་། དུས་མཚུངས་ལས་ལྡབ་50.5%འཕར་ཏེ། ཡུལ་སྐོར་ཕྱི་དངུལ་གྱི་ཡོང་སྒོ་ཨ་སྒོར་ཁྲི་2673ཡོད་པ་དུས་མཚུངས་ལས་འཕར་ཚད་50.7%ཟིན།
“སྔོ་ལྗང་མདོག་གིས་དང་བ་དྲངས་ནས”གསོན་ཤུགས་སྦྱིན། “སྐྱེ་ཁམས་མདོག་གིས་ཚོང་ལ་བསྐོར་ནས”ཁེ་སྤོགས་ལེན། 
            ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་རོང་ཆེན་དང་ཁད་ཉེ་ཞིང་། ཁ་གཏད་ཏག་ཏག་ནི་རི་བོ་གནམ་ལྕགས་འབར་བ་ཡིན་པས། “ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན”སྐབས་སུ་མཐོ་ས་ནས་ཐུར་ལ་ལྟ་བའི་གནས་ཡག་ཤོས་ཤིག་ཡིན། ཡུལ་མི་བྲན་ཀས་ན་ནིང་ཁྱིམ་ཚང་མགྲོན་ཁང་ཞིག་ཕྱེས་པས་ལོ་རེའི་ཡོང་སྒོ་སྒོར་ཁྲི་4ཡོད་པ་དང་ཐེངས་གཅིག་གིས་དབུལ་ཞྭ་ཕུད། བྲན་ཀ་དགའ་བཞིན་དུ་“འདི་ཚང་མ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་རེད”ཅེས་ལབ་པ་རེད། 
            ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ཡུལ་སྐོར་འཕེལ་རྒྱས་སུ་མཉམ་འདྲེས་བྱས་པའི་གོ་རིམ་ཁྲོད། བོད་ལྗོངས་ཀྱིས་“རི་སྔོ་ཆུ་དྭངས”སྲུང་སྐྱོང་བྱས་པའི་དུས་མཚུངས་སུ་ཞིང་འབྲོག་མང་ཚོགས་ལ་“གསེར་རི་དངུལ་རི”བསྐྲུན། 2017ལོར་བོད་ལྗོངས་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་གྲངས་ཐེངས་ཁྲི་2561ཡོད་པ་དང་། དེས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་379ཡོང་བ་རེད། དེ་ལས་ཞིང་འབྲོག་མང་ཚོགས་ཁྲི་12.5ཡིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འཚོ་ཐུབ་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2དང་དབུལ་ཕོངས་མི་འབོར་ཁྲི2.93དབུལ་ཐར་བྱུང་བ་རེད། 
            ལྗང་མདོག་ནི་རྩ་བའི་ཁ་ཏོག་དང་སྐྱེ་ཁམས་ནི་རྨང་གཞིའི་ཚད་ཁོངས་ཡིན། བོད་ལྗོངས་སུ་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཚང་མའི་སེམས་སུ་འཇགས་ཡོད་ལ། དེ་ནི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། དེ་དང་དུས་མཚུངས་སུ་རིམ་པ་སོ་སོའི་སྲིད་གཞུང་གིས་ཀྱང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་མུ་མཐའ་དང་། སྲོག་ཐིག མཐོ་གནོན་གློག་སྐུད་ལྟར་མཐོང་ཆེན་བྱེད་བཞིན་ཡོད།
            “ཡུལ་སྐོར་བའི་ལྟ་ས་ནི་ང་ཚོའི་མཛེས་ཤིང་ཡིད་དུ་འོང་བའི་སྐྱེ་ཁམས་ཁོར་ཡུག་ཡིན། ཁོར་ཡུག་སྲུང་སྐྱོང་བྱས་པ་ཇི་ལྟར་ལེགས་ན་ཡུལ་སྐོར་ལས་རིགས་ཀྱི་མདུན་ལམ་དེ་ཙམ་གྱིས་ཡངས་པ་ཡོད།” ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མང་ཤང་གི་ཡུལ་མི་སྒྲོལ་མས་“སྔོན་ཆད་ཡུལ་མི་རྣམས་ཀྱིས་སྨྱུག་ཆས་བཟོ་བ་ཙམ་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱིན་ཡོད། ལོ་འདི་དག་ལ་ཡུལ་སྐོར་འཕེལ་རྒྱས་བྱུང་སྟེ་ཡོང་འབབ་མང་དུ་ཕྱིན་པས་འཚོ་བའང་ཉིན་རེ་ལས་ཉིན་རེ་ཇེ་ཡག་ཏུ་སོང་། ཡུལ་མི་ཚོས་སྨྱུག་མ་མི་གཅོད་པའི་ཁར་ད་དུང་ནགས་སྲུང་བ་ལྟར་ནགས་ཚལ་ལ་སྲུང་སྐྱོང་བྱེད་བཞིན་ཡོད།”
            གནམ་སྔོན་པོ་དང་ཆུ་དྭངས་མོའི་འགྲམ་ན་ཡུལ་སྐོར་བ་རྣམས་ཀྱིས་པར་རྒྱག་པར་བྲེལ། འདི་ནི་ཁོང་ཚོའི་མིག་ནང་གི་རི་སྔོ་ཆུ་དྭངས་ཡིན་ལ། ལྗོངས་ཁུལ་འགྲམ་རྒྱུད་ཀྱི་ཡུལ་མི་རྣམས་ཀྱིས་རྩྭ་རྐང་རེ་རེར་གཉོར་སྐྱོང་བྱེད་བཞིན་ཡོད། འདི་ནི་ཁོང་ཚོའི་མིག་ནང་གི་གསེར་རི་དངུལ་རི་ཡིན་པ་རེད།
འབྲེལ་ཡོད་རྩོམ་ཡིག