ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འཕྲིན་གསར་དཔྱིད་ཀྱི་ཕོ་ཉ། (དབུས་སྐད། ཨམ་སྐད།)

2018-06-15 སངས་སྐྱབས་ཀྱིས་བསྒྲིགས།
  ༼   དབུས་སྐད།  ༽ 
  ༼   ཨམ་སྐད།  ༽ 
 
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་འཚོགས་པ།
 
          “ཧྲང་ཧའེ་ཡི་སྙིང་སྟོབས”སྔར་བས་དར་སྤེལ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་ནན་བཤད་གནང་བ།
          ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཚེས་10ཉིན་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། རྒྱུན་འཛུགས་སྒྲིག་གཞིའི་འགན་འཁུར་བ། ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཕེབས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་ཐུན་མོང་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གནང་བ་དང་། རྩ་འཛུགས་དེའི་འཕེལ་རྒྱས་འགྲོ་ཚུལ་དང་། ལས་འགན། མདུན་ལམ་བཅས་ཀྱི་ཐད་བསམ་འཆར་སྤེལ་རེས་གཏིང་ཟབ་གནང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མཐུན་སྦྱོར་གྱི་ལངས་ཕྱོགས་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བ་རེད།
          ཞི་ཅིན་ཕིང་གིས་འགོ་ཚུགས་ཤིས་ཚིག་གསུང་སྐབས་དང་ཐོག་ཕྱོགས་ཁག་གིས་ལོ་གཅིག་རིང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ལས་དོན་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་གཞོགས་འདེགས་དམ་ཟབ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་རེས་ཀྱི་དབུ་ཚོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་མང་དུ་སོང་རྗེས་འཚོགས་པའི་དབུ་ཚོགས་ཐོག་མ་ཡིན། དེར་སྔ་མཐུད་ཕྱི་སྐྱོང་གི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧའུ་སའེ་དབྱིན་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐོབ་ཐང་ཐོག་ནས་དབུ་ཚོགས་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          དེ་རྗེས་ཞི་ཅིན་ཕིང་གིས《“ཧྲང་ཧའེ་སྙིང་སྟོབས”དར་སྤེལ་གཏོང་། ལས་དབང་གཅིག་མཐུན་འདུས་གྲུབ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་གྱི་ལོ་17རིང་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཞིག་འགྲིམས་ཡོད་ལ་གྲུབ་འབྲས་ཆེན་པོའང་ཐོབ་ཡོད། ང་ཚོས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་འཛིན》དང《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་སྲོལ་ཡིག》གཞིར་བཟུང་། མནའ་འབྲེལ་དུ་མི་ཞུགས་པ་དང་། ཁ་གཏད་དུ་མི་ལངས་པ། ཕུང་གསུམ་པར་མི་དམིགས་པ་བཅས་ཀྱི་འཛུགས་སྐྲུན་རང་བཞིན་གྱི་རོགས་ཟླའི་འབྲེལ་བ་ཞིག་བཙུགས་ཡོད། དེ་ནི་རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གལ་ཆེན་བྱས་པ་ཞིག་ཡིན། ས་ཁོངས་མཉམ་ལས་བྱེད་སྟངས་གསར་པ་བཏོད་ནས་ས་ཁུལ་ཞི་བདེ་དང་འཕེལ་རྒྱས་འགྲོ་ཕྱིར་ལེགས་སྐྱེས་གསར་པ་ཕུལ་ཡོད། དེང་གི་དུས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་འཛམ་གླིང་ཐོག་གི་ཡུལ་གྲུ་རྒྱ་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཏུ་འཕེལ་རྒྱས་བྱུང་བ་དང་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་མི་ཆད་པར་ཆེ་རུ་སོང་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་དང་རྒྱལ་སྤྱིའི་དྲང་གཞག་གཞུང་དྲང་སྲུང་སྐྱོང་བྱེད་མཁན་གྱི་སྣང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་གནང་བ་རེད།
 
མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་ནས་བསྡུས་པ།
 
          ཟླ་6པའི་ཚེས་10ཉིན།  རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་བྱས་པའི་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་རོང་བོ་གྲོང་རྡལ་དུ་གནས་པའི་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་ནས་བསྡུས།
          རེབ་འདིའི་འགྲེམས་སྤེལ་མཛད་སྒོའི་སྟེང་རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀླུ་རྒྱལ་ཚེ་རིང་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པའམ་མཁས་དབང་འཇིགས་མེད་ཐེག་མཆོག་གི་དངོས་སློབ་ཤར་ཚང་བསྟན་འཛིན་འཇིགས་མེད།  རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་སྐྱབས་རྒྱལ།  རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར་སོགས་འབྲེལ་ཡོད་འགོ་ཁྲིད་དང་།  དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་སོགས་སྤྱི་ཚོགས་ལས་རིགས་ཁག་ནས་ཕེབས་པའི་ཆེད་མཁས་པ།  དེ་མིན་ཀིརྟི་དགོན་པའི་དགེ་བཤེས་བཟོད་པ་སོགས་གྲྭ་ས་ཁག་གི་དགེ་བཤེས།  ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་སྐད་ཡིག་གཞུང་སྒྲུབ་ཁང་སོགས་ནས་ཕེབས་པའི་འགན་འཁུར་མི་སྣ།  མཁས་དབང་ཁོང་གི་བུ་སློབ་དང་ཡུལ་མི་བཅས་མི་སུམ་བརྒྱ་ལྷག་ཞུགས་ཡོད།
 
བོད་ལྗོངས་ཀྱི་ད་ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་འདོན་པའི་དུས་ཚོད་གཏན་འཁེལ་བ།
 
          གསར་འགོད་པས་བོད་ལྗོངས་ཀྱི་2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས(གཤམ་དུ་བོད་ལྗོངས་ཀྱི་2018ལོའི་མཐོ་རྒྱུགས་ཞེས་བསྡུ་རྒྱུ)ཀྱི་དྲ་ཐོག་རྒྱུགས་བཅོས་སྐུལ་སློང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་2018ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་རྒྱུགས་བཅོས་ཟླ་6ཚེས་11ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་། དྲ་ཐོག་རྒྱུགས་བཅོས་ལས་དོན་མཇུག་འགྲིལ་རྗེས། མཐོ་རྒྱུགས་དྲ་ཐོག་རྒྱུགས་བཅོས་གཞུང་ལས་ཁང་གིས་རྒྱུགས་སྤྲོད་སློབ་མའི་སྐར་གྲངས་དང་། སློབ་མའི་ཐེམ་ཁུངས། སློབ་བསྡུའི་འཆར་གཞི་བཅས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་མཐོ་སློབ་ཀྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་དམའ་ཤོས་ཀྱི་གྲོས་འགོ་དང་ཇུས་གཞི་ཞིབ་བཟོ་བྱ་རྒྱུ་དང་འབྲེལ། རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་ལ་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུ་ཡིན་པ་དང་སློབ་མའི་ཡིག་རྒྱུགས་སྐར་གྲངས་བསྐྱར་ཞིབ་བྱས་ནས་ནོར་འཁྲུལ་མེད་པར་གཏན་འཁེལ་བྱས་རྗེས། ཟླ་6ཚེས་25ཉིན་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད་འདུག

བོད་ལྗོངས་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་བཙུགས་པ།
 
          ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱིས་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱིས་གཙོས་པའི་ལག་རྩལ་ལྟེ་བའི་ཡུལ་སྐོར་ཕྱིར་སྐྱོད་ཀྱི་རྣམ་གྲངས་ཏེ“འབྲི་གཡག་ཕྱིར་སྐྱོད”ཅེས་པ་ཁྱབ་བསྒྲགས་བྱས་པ་ལས་བོད་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དངོས་སུ་བཙུགས་པ་མཚོན་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེ་བཙུགས་རྗེས་ཕྱིར་ཡུལ་སྐོར་བྱེད་པའི་དགོས་མཁོའི་ཆ་འཕྲིན་དང་ཐོན་ཁུངས་ཀྱི་ཆ་འཕྲིན་རྒྱུན་མི་ཆད་པར་བསྡུ་སྒྲིལ་བྱས་ཏེ་བོད་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོ་འཛུགས་པའི་ཁྲོད་ལྷག་པའི་འགྲིམ་འགྲུལ་ཞབས་ཞུའི་བྱེད་པོ་ཁ་ཐོར་དང་ལྟ་སྡོམ་གྲངས་གཞིའི་འབྱུང་ཁུངས་ཁ་ཐོར་ཡིན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
          “‘འབྲི་གཡག་ཕྱིར་སྐྱོད’ཅེས་པས་སྤྲིན་ཚོགས་རྩིས་རྒྱག་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་སྤྱད་དེ་རིག་ནུས་རྟ་སྒ་ཆ་འགྲིག་ངང་བསྐྱོད་པའི་དགོས་མཁོ་དང་ཐོན་ཁུངས་ལ་བརྟེན་ནས་བོད་ལ་རིག་ལྡན་དང་། སྐྱོན་བྲལ། སྟབས་བདེ་བཅས་ལྡན་པའི་ངང་ཕྱིར་སྐྱོད་པའི་སྣོད་བཅུད་རྣམ་གྲངས་ཤིག་གཏོད་རྒྱུ་རེད”ཅེས་འབྲེལ་ཡོད་འགན་འཁུར་བ་ཝུའུ་ཡོན་ཧུའུ་ཡིས་བཤད་པ་དང་། ཁོང་གིས“འབྲི་གཡག་ཕྱིར་སྐྱོད”ཅེས་པ་དེས་ཡུལ་སྐོར་དང་། ཚོང་པ། སྲིད་གཞུང་བཅས་ཕྱོགས་གསུམ་དབར་སྦྲེལ་མཐུད་ནུས་ལྡན་བྱས་ནས་བོད་ཀྱི་འགྲིམ་འགྲུལ་ཡུལ་སྐོར་གྱི་ལས་རིགས་ཀྱི་ཕན་ནུས་ཆེ་ཤོས་འདོན་ཐུབ་རྒྱུ་རེད་ཅེས་བཤད།
 
བོད་ཤོག་ལ་བྲིས་པའི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སྟེ། རྒྱ་བོད་སྲོལ་རྒྱུན་རིག་གནས་སྡེབ་ལེགས་པའི་རི་མོ།
 
          ཟླ་6པའི་ཚེས་12ཉིན་གྱི་སྔ་དྲོར། གསར་འགོད་པ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་ལྗོངས་རི་མཐོའི་རིག་གནས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཡ་ཐའེ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་འབྲེལ་སྒོས་གཉེར་བའི་“དུས་རབས་གསར་པར་བསྐྱོད་པ་སྟེ། རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་ཀྱི་དགེ་སྒྲུབ་སྤྱི་ཕན་འགྲེམ་སྟོན་ཆེན་མོ”ཞེས་པའི་ཡུལ་དངོས་སུ་སླེབས། ད་ཐེངས་ཀྱི་འགྲེམ་སྟོན་དུ་ཁྱོན་བསྡོམས་བརྩམས་ཆོས་223འགྲེམ་སྟོན་བྱས་ཤིང་། དེའི་ནང་རི་མོ་བ་གྲགས་ཅན་སྐུ་ཞབས་ཀྲེན་ཧྲན་ལུའུ་ཡིས་བརྩམས་པའི་བོད་ལྗོངས་ཀྱི་སྣོད་བཅུད་གོམས་སྲོལ་རི་མོ་དེ་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་སྲོལ་ལྟར་བརྩམས་པའི་བརྩམས་ཆོས་41ཡོད། མིང་དུ་གྲགས་པའི་ཡིག་མཁན་སྐུ་ཞབས་ཀྲང་པེའོ་ཡི་བརྩམས་ཆོས་156དང་། དེ་བཞིན་བོད་ལྗོངས་བཀྲ་ཤིས་ལྷུན་པོ་ནས་སླེབས་པའི་ཡིག་མཁན་དང་ལྷ་རིས་པ་རྣམས་ཀྱིས་བརྩམས་པའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་11དང་ཐང་ག་15བཅས་ཡོད།
འབྲེལ་ཡོད་རྩོམ་ཡིག