ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འཇར་པན་ཏཱ་པན་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་དྲག་པོ་བྱུང་།

2018-06-19
ཚེས18ཉིན་གྱི་ཞོགས་པར། འཇར་པན་གྱི་ཏཱ་པན་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས18ཉིན་གྱི་ཞོགས་པར། འཇར་པན་གྱི་ཏཱ་པན་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་དང་། དེའི་ཉེ་འཁོར་གྱི་ཅིན་ཏུའུ་དང་པེན་ཁུའུ་རྫོང་། ཚི་ཧི་རྫོང་བཅས་སུའང་ས་འགུལ་གྱི་ཚོར་སྣང་དྲག་པོ་ཡོད། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོའི་བར་ས་འགུལ་དེ་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་སུམ་བརྒྱ་དང་དོན་དྲུག་ལ་རྨས་ཕོག ས་འགུལ་དེ་ལས་འགྲིམ་འགྲུལ་ལ་གནོད་པ་ཐེབས་པ་དང་། ཁྱིམ་ཚང་འབུམ་གཅིག་དང་ཁྲི་བདུན་ལ་གློག་ཆད། མིག་སྔར་ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་བཟོ་གྲྭ་དང་ཚོང་ཁང་ཁག་ཅིག་རིམ་བཞིན་སླར་གསོ་བྱས་ཡོད། འཇར་པན་གནམ་གཤིས་རྟོག་དཔྱོད་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། ཏཱ་པན་ཉེ་འཁོར་དུ་གཟའ་འཁོར་གཅིག་གི་ནང་ཡང་བསྐྱར་ས་འགུལ་དྲག་པོ་འབྱུང་བའི་ཉེན་ཁ་ཡོད་ཟེར།
          འཇར་པན་གནམ་གཤིས་རྟོག་དཔྱོད་ཁང་གིས་ཚད་འཇལ་བྱུང་བ་ལྟར་ན། ས་འགུལ་དེ་ནི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་ང་བརྒྱད་སྟེང་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་གསུམ་ཙམ་ཡོད། ཐེངས་འདིའི་ས་འགུལ་ནི་ས་ཁའི་ས་འགུལ་དུ་གཏོགས་པས་གཏོར་བརླག་གི་ཚད་ཅུང་ཆེ་བ་རེད། བསྒྲགས་པ་ལྟར་ན། དེ་ནི་འཇར་པན་དུ་གཅིག་སྟོང་དགུ་བརྒྱ་ཉེར་གསུམ་ལོར་ས་འགུལ་གྱི་ཟིན་ཐོ་བྱུང་བའི་ཚུན་ལ། ཏཱ་པན་དུ་བྱུང་བའི་ཆེས་ཚབས་ཆེ་བའི་ས་འགུལ་ཞིག་རེད་ཟེར།
འབྲེལ་ཡོད་རྩོམ་ཡིག