ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

༼ བོད་ཀྱི་ལྷ་རིས་སྒྱུ་རྩལ ༽ ཞེས་པ་ཁཱ་ན་ཏའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད།

2018-06-22 སྒྲོལ་མས་བསྒྲིགས།
                 སྤྱི་ཟླ་༦པའི་ཚེས་༡༥ཉིན། སྐབས་དྲུག་པའི་ཁ་ན་ཏ་ཝུན་ཀོ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཚུད་པའི་ཆེས་མཇུག་མཐའི་བརྩམས་ཆོས་ཀྱི་ཐོ་ཡིག་གསལ་བསྒྲགས་བྱས་པ་ལས་ཤེས་གསལ་ལྟར་ན། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་བུན་ཁྲང་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་ཤིང་། མཚོ་སྔོན་བོད་མིའི་གློག་བརྙན་སྒྲིག་བཟོ་ཚད་ཡོད་མཐུན་གཉེར་ཁང་གིས་ཕབ་བསྐྲུན་བྱས་པའི་དངོས་བཤུས་གློག་བརྙན«བོད་ཀྱི་ལྷ་རིས་སྒྱུ་རྩལ»ཞེས་པ་བདེ་བླག་ངང་གློག་བརྙན་དུས་སྟོན་གྱི་འགྲན་སྡུར་གཙོ་གྲས་ནང་ཚུད་ཡོད་པ་མ་ཟད། གློག་བརྙན་དུས་སྟོན་དེའི་ཆེས་མཐོའི་རྟགས་མ་ལོ་མ་དམར་བོའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པ་རེད། ལྷོ་ཁོ་རེ་ཡ་དང་མ་ལེ་ཞི་ཡ། ཤང་ཀང་། ཐེ་ཝན། ཁ་ན་ཏ། ཀྲུང་གོ་སོགས་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་༥༢འགྲན་ཞུགས་ཁྱབ་ཁོངས་སུ་ཚུད་འདུག
                 ཝུན་ཀོ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་སྤྱི་ལོ་༢༠༡༢ལོར་འགོ་ཚུགས་ཤིང་། དེ་ནི་ཝུན་ཀོ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་རྩ་འཛུགས་ཨུ་ལྷན་གྱིས་གཙོ་སྒྲུབ་གནང་བ་དང་། འཛམ་གླིང་སྟེང་སྙན་གྲགས་ཆེ་ཤོས་ཀྱི་རྒྱལ་སྤྱིའི་རྒྱ་སྐད་གློག་བརྙན་དུས་སྟོན་གྲས་ཀྱི་གཅིག་ཡིན་ལ། གློག་བརྙན་དུས་སྟོན་འདིས་ཀྲུང་གོའི་རིག་གནས་ཁྱབ་སྤེལ་བྱ་རྒྱུ་རྩ་དོན་དུ་བཟུང་ཞིང་། ཀྲུང་གོའི་ན་གཞོན་གློག་བརྙན་པའི་དཔུང་སྡེ་མཚམས་སྦྱོར་བྱེད་པ་གཙོ་བོར་དམིགས་ནས། ཀྲུང་གོའི་གློག་བརྙན་དང་མེ་གླིང་བྱང་མ། གཞན་ད་དུང་རྒྱལ་སྤྱིའི་གློག་བརྙན་སོགས་ཀྱི་བར་ལ་ཉམས་མྱོང་བརྗེ་རེས་བྱ་སའི་གར་སྟེགས་ཤིག་བསྐྲུན་ཡོད།
                 དངོས་བཤུས་གློག་བརྙན༼བོད་ཀྱི་ལྷ་རིས་སྒྱུ་རྩལ༽ནི་གནའ་དཔྱོད་རིག་པ་དང་མཛེས་རྩལ་གཉིས་ཀྱི་ཐད་ནས་བོད་ཀྱི་ཐང་གའི་བཟོ་རིག་དང་ལྡེབས་རིས། འཇིམ་བརྙན་སོགས་ཀྱི་བརྒྱུད་སྤེལ་དང་འཕེལ་རྒྱས་གཙོ་བོར་བརྗོད་པའི་དངོས་བཤུས་གློག་བརྙན་ཞིག་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལྷག་ཡོད་པའི་རི་མོའི་གཞུང་ལུགས་ལ་འཚོལ་ཞིབ་བྱས་ཏེ། ལོ་ངོ་ཆིག་སྟོང་ལྷག་གི་རྡོ་བརྐོས་རི་མོ་དང་དེ་ལས་ཅུང་སྔ་བའི་ལྡེབས་རིས། ཐང་ག འཇིམ་བརྙན་སོགས་བཟོ་རིགས་ལ་བྱང་ཚད་མངའ་བའི་མཁས་པ་དག་གིས་དབྱེ་ཞིབ་དང་། སྒྱུ་རྩལ་གྱི་རིན་ཐང་ཕྱོགས་བསྡུས་བྱས་ནས་ལོ་རྒྱུས་དང་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་དག་གི་མཛེས་དཔྱོད་ཀྱི་ལྟ་ཚུལ་ཕྱོགས་བསྡུས་བྱས་ཡོད། ལྷག་པར་དུ་ལོ་ངོ་ཆིག་སྟོང་རིང་གི་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་བརྒྱུད་རིམ་དང་ཁྱབ་སྤེལ། བོད་ཀྱི་ཐང་གའི་རིག་གནས་དངོས་ཀྱི་སྣང་བརྙན་གསལ་བོ་མཚོན་པའི་དངོས་བཤུས་གློག་བརྙན་ཞིག་ཡིན་པ་རེད།
                 བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་བུན་ཁྲང་ཚེ་བརྟན་ནི་སྤྱི་ལོ༡༩༨༩ལོར་མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་དུ་སྐྱེས་ཤིང་ཀྲུང་གོ་སྨྱན་བྱད་སློབ་ཆེན་ནས་སློབ་མཐར་ཕྱིན། དེང་རབས་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་དང་གློག་བརྙན་སྒྲིག་བཟོ་བ་ཞིག་ཡིན་ལ་ལོ་ངོ་དུ་མའི་རིང་གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་སོགས་གྱི་ལས་ཀར་ཞུགས་མྱོང་བར་མ་ཟད་ཀྲུང་གོའི་ལུས་རྩལ་རྒྱན་འཛིན་དང་། དབྱི་ཆེ་ཏ་ཀྲུང་། སྐར་གསུམ་སྤྱི་ཕན་བརྙན་ཐུང་སོགས་ཀྱིས་མཚོན་པའི་བརྡ་ཁྱབ་བརྙན་ཐུང་བཅུ་ལྷག་གི་འཁྲབ་ཁྲིད་པའི་འགན་བཞེས་མྱོང་ཞིང་། ཁོ་རང་གིས་འཁྲབ་ཁྲིད་བྱས་པའི་དངོས་བཤུས་གློག་བརྙན༼སྦྲ་ནག༽ཞེས་པ་ཀྲུང་གོ་མི་རིགས་རྟེན་མཛོད་གླིང་གིས་ཉར་ཚགས་བྱས་པ་དང་། ལེའུ་བཞི་བཅུའི་བདག་ཉིད་ཅན་གྱི་དངོས་བཤུས་གློག་བརྙན༼ཁམས་པ༽ཞེས་པ་མཚོ་སྔོན་དཔེ་མཛོད་ཁང་གིས་གཏན་དུ་ཉར་ཚགས་བྱས་ཡོད་པ་མ་ཟད། གློག་བརྙན༼ས་སེར་མཐོ་སྒང༽ཞེས་པར་སེན་ཏེ་གུ་རྒྱལ་སྤྱིའི་བྱིས་པའི་གློག་བརྙན་དུས་སྟོན་ཁྲོད་དུ་དགོངས་དོན་སྙིང་པོ་ཞེས་པའི་གཟེངས་རྟགས་ཀྱང་ཐོབ་མྱོང་།
འབྲེལ་ཡོད་རྩོམ་ཡིག