ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།

2018-07-18 སངས་སྐྱབས་ཀྱིས་བསྒྲིགས།
ཟླ7པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏིའོ་དབྱི་ཐེ་རྒྱལ་ཁབ་གསོལ་མགྲོན་ཁང་ནས། ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་མི་སྣའི་མཇལ་འཕྲད་ཐེངས་ཉེར་གཉིས་སྟེང་ཞུགས་པའི། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་ཟི་ཁི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་གཉིས་ལ་མཇལ་འཕྲད་གནང་།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཏིའོ་དབྱི་ཐེ་རྒྱལ་ཁབ་གསོལ་མགྲོན་ཁང་ནས། ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་མི་སྣའི་མཇལ་འཕྲད་ཐེངས་ཉེར་གཉིས་སྟེང་ཞུགས་པའི། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་ཟི་ཁི་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་གཉིས་ལ་མཇལ་འཕྲད་གནང་།
             ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ནི་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་པ་དང་འཛམ་གླིང་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་གོ་རིམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་མཐོང་དང་འདྲ་མཉམ་དྲང་གཞག མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་དུ། ཡོ་རོབ་ཕྱོགས་དང་མཉམ་དུ་འབད་འབུངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་ནས། ཕྱོགས་གཉིས་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་འབད་རྒྱུ་ཡིན་ཟེར།
             ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཡོ་རོབ་གླིང་ནི་རྒྱལ་སྤྱིའི་གནས་སྟངས་བརྟན་འཇགས་འཕེལ་རྒྱས་གཏོང་བར་ཕན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ཁ་ཕྱོགས་ཡང་དག་ལ་གོ་བ་ཟབ་མོ་བླངས་ནས། མུ་མཐུད་དུ་ཞི་བདེ་དང་འཕེལ་རྒྱས། བཅོས་སྒྱུར། དཔལ་ཡོན་བཅས་ཀྱི་རོགས་རེས་འབྲེལ་བ་ཆེན་པོ་བཞི་འཛུགས་པར་སྐུལ་འདེད་གཏོང་དགོས། ཧུར་བརྩོན་ཆེན་པོས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁྱབ་ཁོངས་སོ་སོའི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཆབ་སྲིད་གླེང་མོལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མཉམ་དུ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཚ་ཤོས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་འབད་འབུངས་དགོས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ཁྱད་པར་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་བྱེད་ནུས་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དགེ་མཚན་རྩལ་དུ་འདོན་དགོས། ཕན་ཚུན་བར་གྱི་དངུལ་གཏོང་ལས་རིགས་ལ་སྐུལ་འདེད་བཏང་ནས། གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་མཉམ་ལས་བྱ་བ་སྔར་ལས་འཐུས་ཚང་དུ་བཏང་ནས། ཕན་འབྲས་ལྡན་པའི་མཉམ་ལས་ཕྱོགས་གསུམ་པ་ཞིག་གྲུབ་པར་འཚོལ་དཔྱོད་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་གླིང་གིས་གླེང་མོལ་བྱ་བའི་ཁྱབ་ཁོངས་གསར་བ་དང་རྣམ་པ་གསར་བ་འཚོལ་དཔྱོད་བྱས་ཏེ། མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཀྱི་རྒྱ་ཆེ་རུ་བསྐྱེད་དགོས། ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། བརྗེ་རེས་དང་མཆན་རྟགས་འགོད་པར་ཤུགས་བསྣན་ནས། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་བཀུར་བྱས་ཏེ། ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ཡིད་རྟོན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ནི་མིག་སྔའི་འཛམ་གླིང་སྟེང་གི་ཁྲོམ་ར་ཆེན་པོ་གཉིས་ཡིན་ལ། དཔལ་ཡོན་གྱི་རྣམ་པ་ཆེན་པོ་གཉིས་ཀྱང་ཡིན་པས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཡོ་རོབ་གཉིས་ཀྱི་འབྲེལ་བ་རྒྱུན་རིང་བརྟན་འཇགས་ཡོང་བར་འབད་པ་བྱས་ཏེ། ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་འཇགས་ཀྱི་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཚད་གང་མང་འདོན་སྤྲོད་བྱེད་དགོས་ཟེར།
             ཐུའུ་སི་ཁི་དང་རོང་ཁི་གཉིས་ཀྱིས་བསྟན་དོན། ཡོ་རོབ་གླིང་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་དོན་སྙིང་གལ་ཆེན་ལྡན། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོས་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱབ་རྒྱ་སྔར་ལས་ཆེ་རུ་བསྐྱེད་རྒྱུ་དང་། ཁྱད་པར་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཟེར།
             དབྱང་ཅེ་ཁྲི་དང་ཝང་ཡུས། ཧི་ལིས་ཧྥིན་སོགས་གོང་གསལ་བྱ་འགུལ་ལ་ཞུགས།
འབྲེལ་ཡོད་རྩོམ་ཡིག