ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“དམིགས་སྐྱོང་སློབ་མ”ས་མཐོ་འཕེལ་རྒྱས་གཏོང་བའི་ཀ་རྟེན་ལྟ་བུར་གྱུར་པ།

2018-08-08 སངས་སྐྱབས་ཀྱིས་བསྒྲིགས།
—— བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་ཀའི་སྐོར་གྱི་སྒྲིལ་གླེང་།
          གངས་ལྗོངས་ས་མཐོ་ནས་རྒྱལ་ས་པེ་ཅིང་བར་ས་བབ་མཐོ་ཚད་སྨི་སྟོང་ཕྲག་ཡོད་ཀྱང་སྐལ་བཟང་བདེ་སྐྱིད་ཀྱི་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་བྱ་སྦྱོང་བའི་བསམ་པར་འགྱུར་ལྡོག་གཏན་ནས་ཕྱིན་མེད། ལོ་བརྒྱད་ཀྱི་གོང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་པེ་ཅིང་ཞེ་ཧོ་སྨན་ཁང་དུ་བསྐྱོད་དེ་ཁོང་གིས་སྔ་རྗེས་སུ་གསུས་ཁོག་གི་ཚད་འདས་སྒྲ་རླབས་དང་། བུད་མེད་ཚན་ཁག་གི་ཚད་འདས་སྒྲ་རླབས། བུ་བཙའི་ཚན་ཁག་གི་ཚད་འདས་སྒྲ་རླབས། སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་ཚད་འདས་སྒྲ་རླབས་སོགས་ཀྱི་ལག་རྩལ་སྦྱངས་རྗེས་ཚན་ཁག་གི་ལས་སྒོའི་རྐང་འཛིན་པར་གྱུར།
          2009ལོ་ནས་ད་བར་སྐལ་བཟང་བདེ་སྐྱིད་ཚུད་པའི་རང་ལྗོངས་ཀྱི་གཞི་རིམ་དང་དེ་བཞིན་ཆེད་ལས་ལག་རྩལ་ཧ་ཅང་མཁོ་བའི་ཁྱབ་ཁོངས་ཀྱི་མི་སྣ་1080ལ་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་ལས་དོན(གཤམ་དུ“བོད་ཀྱི་དམིགས་སྐྱོང”ཞེས་པར་བསྡུ་རྒྱུ)སྤེལ་བ་བརྒྱུད། ནང་སའི་ཚན་ཞིབ་ཁང་དང་སུའོ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། མཐོ་རིམ་སློབ་གླིང་སོགས་འབྲེལ་ཡོད་ཚན་པར་ལག་རྩལ་གསར་པ་སློབ་སྦྱོང་དང་ཤེས་བྱ་གསར་པ་ཉམས་ལེན་བྱེད་པར་མངགས་ནས། ད་ཆ་བོད་ལ་ཕན་བདེ་སྐྲུན་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཁག་དང་པོ་དང་གཉིས་པའི་དམིགས་སྐྱོང་སློབ་མས་རྒྱལ་ཁབ་རིམ་པའི་དུས་དེབ་ཐོག་ཁེར་རྐྱང་ངམ་ཡང་ན་མཉམ་ལས་བྱས་ནས་དཔྱད་རྩོམ་166བཏོན་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་དུས་དེབ་ཐོག་ཁེར་རྐྱང་ངམ་ཡང་ན་མཉམ་ལས་བྱས་ནས་དཔྱད་རྩོམ་754ཙམ་བཏོན་ཡོད། རྒྱལ་ཁབ་རིམ་པའི་ཚན་ཞིབ་ཀྱི་བརྗོད་གཞི་192དང་རང་སྐྱོང་ལྗོངས་རིམ་པའི་ཚན་ཞིབ་ཀྱི་བརྗོད་གཞི་373རེ་ཞུ་བྱས་པ་དང་འབྲེལ་གཙོ་སྐྱོང་བྱས་པ་རེད། གནས་ཐུབ་པ་དང་། བརྟེན་ས་ཡོད་པ། ལས་སྒོ་བྱང་ཆུབ་པ་བཅས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་བཞིན་ཡོད།
གསོ་སྐྱོང་ནང་ཞུགས་མཁན་གྱི་ཤེས་ལྡན་མི་སྣར་དཔྱད་འདེམས་ནན་པོ་བྱས་པ།
          ལོ་47ལ་སླེབས་པའི་ལིའུ་ཡུས་ཧུང་ནི་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་སྔོ་ཚལ་ཞིབ་འཇུག་སུའོ་ཡི་འདེབས་གསོ་ཁང་གི་ཀྲུའུ་རེན་ཡིན་ཞིང་། བོད་ཀྱི་དམིགས་སྐྱོང་ནི་ཁོ་མོའི་ཚན་ཞིབ་ལམ་བུའི་ཐོག་གི་སྣུམ་སྣོན་ས་ཚིགས་ལྟ་བུར་གྱུར་ཡོད། ཁོང་གིས“རིགས་པའི་གཞུང་ལུགས་དང་། གཞི་རྩའི་རྩལ་ནུས། ཚན་ཞིབ་ལས་དོན་སྤེལ་སྟངས་བཅས་ཆེ་རུ་ཕྱིན་སོང་བས་ངའི་ལས་ཀར་རོགས་རམ་ཆེན་པོ་བྱུང་སོང”ཞེས་བཤད་པ་རེད།
          2009ལོར་བོད་ཀྱི་དམིགས་སྐྱོང་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། ལོ་ལྔ་རེར་ཁག་ཐེངས་རེ་བྱས་ནས་ལོ་ལྟར་བོད་དུ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་120གསོ་སྐྱོང་བྱས་པ་དང་དུས་མཚུངས་ལོ་ལྟར་རིགས་གཅིག་མཁས་ཅན་ཞབས་ཞུའི་ཚོགས་པའི་བྱེད་སྒོ་ཐེངས་རེ་སྤེལ་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་གྲོན་དངུལ་བཏང་སྟེ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། “ཇི་ལྟར་བྱས་ནས་ཀྲུང་དབྱང་གིས་གནང་བའི་དངུལ་རྣམས་མཁོ་ཆེ་སར་སྤྱད་དེ་ཕན་འབྲས་ཆེ་ཤོས་ཐོན་ཐུབ་བམ་ཞེ་ན། 
          ཤེས་ལྡན་མི་སྣ་འདེམས་གཏོང་དང་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། ང་ཚོས་སྔ་བར་ཕྱི་གསུམ་དུ་རྩ་དོན་ཞིག་ལ་གཞི་འཛིན་གྱི་ཡོད་པ་སྟེ། དགོས་མཁོ་གཞིར་བཟུང་འདེམས་མངག་དང་། དོ་དམ་ནན་པོ། ཞབས་ཞུ་གནད་འཁེལ། སྤུས་འབོར་འགན་ལེན་བཅས་བྱ་རྒྱུ་དེ་རེད”ཅེས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ཆེད་ལས་ལག་རྩལ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་དམིགས་སྐྱོང་ལས་དོན་གྱིས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཀ་རྟེན་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་བརྟེན་ནས་དམིགས་སྐྱོང་མི་སྣ་འོས་སྦྱོར་དང་འདེམས་མངག་དང་། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་འོས་མིས་བདམས་པའི་ཆེད་ལས་དང་ས་གནས་ལ་གྲོས་བསྡུར་བྱས་ཏེ་སློབ་མ་སྒེར་གྱི་དོན་དངོས་དང་ཚན་པའི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་པོ་ཡོང་བ་བྱས་ནས་འོས་མིའི་སྤུས་ཚད་འགན་ལེན་བྱས་ཡོད་པ་རེད།
དམིགས་སྐྱོང་གི་ཐབས་ལམ་སྣ་མང་སྤྱད་པ།
          “ཧྲན་ཏུང་ཞིང་ལས་སློབ་ཆེན་དུ་གསོ་སྐྱོང་བྱེད་རིང་། ངས་གྲོ་དང་། པད་ཁ། སྔོ་ཚལ་བཅས་གཙོ་བོར་བྱས་པའི་ཞིང་ལས་ཉེར་སྤྱོད་ལག་རྩལ་དང་། དེ་བཞིན་དཔལ་འབྱོར་སྐྱེ་དངོས་གཞན་འདེབས་གསོའི་ལག་རྩལ་སྦྱངས་པ་ཡིན། ངས་དམིགས་སྐྱོང་གི་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་གཏོང་འདོད་མི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཚེ་རིང་ཡོན་ཏན་གྱིས་བཤད།
          དམིགས་སྐྱོང་སློབ་མ་འདེམས་མངགས་ཟིན་པ་དང་སྦྲགས་གསོ་སྦྱོང་ཡང་བྱས་ཟིན་པ་རེད། འོ་ན་ཇི་ལྟར་བྱས་ནས་དམིགས་སྐྱོང་སློབ་མར་སློབ་སྦྱོང་གི་གྲུབ་འབྲས་ཡག་པོ་ཐོབ་པ་བྱེད་དགོས་སམ་ཞེ་ན། དེའི་ཐད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ལས་ཀའི་ཐབས་ཤེས་འདི་འདྲ་སྤྱད་ཡོད་པ་སྟེ། ལོ་དགུའི་རིང་བོད་ཀྱི་དམིགས་སྐྱོང་ལས་ཀའི་དངོས་ཡོད་དང་བོད་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གི་ད་ལྟའི་གནས་བབ་དང་ཟུང་འབྲེལ་བྱས་ནས་ལྗོངས་མི་སྤྱི་ཐིང་གིས《བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་དོ་དམ་གྱི་གནས་སྐབས་ལག་ལེན་བསྟར་ཐབས》དང་། 《བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་སློབ་མའི་སློབ་མཇུག་འགྲིལ་བའི་དཔྱད་ཞིབ་བྱེད་ཐབས》 《བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་སློབ་མའི་ལག་དེབ》བཅས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བས་དམིགས་སྐྱོང་ལས་ཀར་གཞི་འཛིན་སའི་ཚད་གཞི་ཡོད་པར་བྱས་པ་རེད།
          དེ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་ད་དུང“གྲངས་ཉུང་མི་རིགས་ཀྱི་དམིགས་སྐྱོང་ལས་ཀའི་སྐད་འཕྲིན་ཚོགས་པ”དང་། “བོད་ཀྱི་དམིགས་སྐྱོང་སློབ་མ་དོ་དམ་གྱི་QQཚོགས་པ” “ལོ་འཁོར་གྱི་དམིགས་སྐྱོང་སློབ་མའི་དུས་ཆེན་གྱི་འཚམས་འདྲིའི་སྤེལ་རེས་བྱེད་སྒོ” “བོད་ཀྱི་དམིགས་སྐྱོང་ལས་ཀའི་བཅར་འདྲི” དེ་བཞིན“བོད་ཀྱི་དམིགས་སྐྱོང་སློབ་མའི་གྲུབ་འབྲས་སྙན་ཞུ་དང་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ”སོགས་ཀྱི་ལས་སྟེགས་བཏོད་པས་དམིགས་སྐྱོང་སློབ་མའི་དབར་སློབ་སྦྱོང་དང་སྤེལ་རེས་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།
          ལོ་10ཙམ་གྱི་ལག་ལེན་དང་གསོག་འཇོག་ལ་བརྟེན་ནས་མིག་སྔར་བོད་ཀྱི་དམིགས་སྐྱོང་ལས་དོན་ལ་འཐུས་སྒོ་ཚང་བའི་ལས་ཀའི་ལམ་སྲོལ་ཞིག་གྲུབ་པ་དང་། དམིགས་སྐྱོང་སློབ་མའི་མི་འདེམས་བསྐོ་གཞག་དང་། སློབ་ཞུགས་གོང་གི་གསོ་སྦྱོང་། དོན་འཁྱོལ་གསོ་སྐྱོང་གི་ཚན་པ། སློབ་མ་གསོ་སྐྱོང་རིང་གི་དོ་དམ། སློབ་མཇུག་འགྲིལ་བའི་དཔྱད་ཞིབ། རྗེས་སྙེག་ལས་ཕྱོད་རྩད་གཅོད་སོགས་ཀྱི་ལྷུ་ཚིགས་ཚང་མར་མཐུན་སྦྱོར་གཞོགས་འདེགས་ཡག་པོ་བྱས་ནས་འགན་སྲུང་བྱེད་ཀྱི་ཡོད་པ་རེད།
ལོ་མང་རྨོན་འདེབས་བྱས་ཏེ་གཡུར་ཟའི་འབྲས་བུ་ཐོབ།
          ལུང་དབྱིང་། རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་དམིགས་སྐྱོང་སློབ་མ་ཡིན། ལས་གནས་སུ་ལོག་རྗེས་ཚོགས་པ་དང་མཉམ་དུ་རྫོང་29ཡི་ངོ་བོའི་གྲངས་གཞི་མཛོད་དང་བར་མཐོང་གྲངས་གཞི་མཛོད་དང་། དེ་བཞིན་རྫོང་28ཀྱི་རྫོང་ཁོངས་ཀྱི་རྨོ་ཞིང་ཐོན་ཁུངས་དོ་དམ་གྱི་ཆ་འཕྲིན་མ་ལག སྟོད་ལུང་བདེ་ཆེན་སོགས་རྫོང(ཆུས)4ཡི་རྫོང་ཁོངས་ས་དཔྱད་ལུད་སྦྱོར་རིགས་གཅིག་མཁས་ཅན་གྱི་མ་ལག་བཙུགས་ཏེ་རྨོ་ཞིང་ས་རྒྱུ་གདེང་འཇོག་གི་ཆ་འཕྲིན་མ་ལག་ཐད་རང་ལྗོངས་ཀྱི་སྟོང་ཆ་བསྐངས་པ་རེད། དེ་དང་ཆབས་ཅིག་འགན་ཁུར་ནས་སྒྲིག་འཛུགས་ལག་བསྟར་བྱས་པའི《བོད་ལྗོངས་ཐོན་མཐོའི་སྲོལ་གཏོད་དཔེ་སྟོན་གྱི་བྱེད་སྒོ》ལ་2016ལོ་འཁོར་གྱི་རྒྱལ་ཡོངས་ཞིང་འབྲོག་ཉ་ལས་ཐོན་ལེགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།
          འཆི་མེད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དམིགས་སྐྱོང་སློབ་མ་ཡིན། ལས་གནས་སུ་ལོག་རྗེས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཟུངས་ཁྲག་རྒྱུ་གཙང་གསིང་གི་བཅོས་ཐབས་ལག་རྩལ་སྤྱད་ནས་རང་ལྗོངས་ཀྱི་ལག་རྩལ་དེའི་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་རེད།
          ཁྲེན་ཝུན་པོ། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དམིགས་སྐྱོང་སློབ་མ་ཡིན། ཕྱིར་ལོག་རྗེས་རང་སྐྱོང་ལྗོངས་སློབ་གསོ་ཁོངས་གཏོགས་ཀྱི་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་ཐོག་མ་བཙུགས་ནས་བསྟུད་མར་སྐབས་གཉིས་རིང་རང་སྐྱོང་ལྗོངས་ཀྱི་དགེ་རྒན་གྲགས་ཅན་གྱི་མཚན་སྙན་ཐོབ་པ་རེད།
          ལོ་10ཙམ་གྱི་རིང་། ཤེས་ལྡན་པ་ཁག་མང་པོ་ཤར་སྐྱོད་ནུབ་ལོག་བྱས་པ་དང་བསྟུན་ལས་གནས་སུ་ལོག་པའི་དམིགས་སྐྱོང་སློབ་མ་1000ལྷག་གིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཁྱབ་ཁོངས་ཁག་དང་། ལས་རིགས་ཁག སྡེ་ཚན་ཁག་བཅས་ཀྱིས་གཙོ་ཤུགས་དམག་དང་སྟོབས་གསར་དམག་དཔུང་གི་ནུས་པ་བཏོན་པས་ཚན་ཞིབ་གྲུབ་འབྲས་ཁག་གཅིག་ཐོབ་པ་དེ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་སྐྱོན་བྲལ་དང་མགྱོགས་མྱུར་ངང་གོང་འཕེལ་འགྲོ་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
          བགྲང་བྱ་བཅུ་ཙམ་གྱི་རིང་དཀའ་བ་དུ་མ་སྤྱད་པ་ལས། བོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་གི་ས་གཞིར་བསྐྱོད་ནས་ས་མཐོའི་འཕོ་འགྱུར་ལ་བལྟས་ན། ང་ཚོས་དམིགས་སྐྱོང་སློབ་མའི་གཟུགས་བརྙན་དང་ཁོང་ཚོའི་དཀའ་སྡུག་གི་རྔུལ་ཆུ་མཐོང་ཐུབ་པ་དང་། ཁོང་ཚོ་ཡོད་པའི་རྐྱེན་གྱིས་ས་མཐོའི་འབྱུང་འགྱུར་ལ་རེ་བ་སྔར་བས་ཆེན་པོ་ལྡན་ངེས་རེད།
འབྲེལ་ཡོད་རྩོམ་ཡིག