ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྣང་རྫོང་དཀྲོགས་གྲོང་ཚོའི་ཕྱུག་འགྱུར་གྱི་མཐོང་ཐོས།

2018-08-15 སངས་སྐྱབས་ཀྱིས་བསྒྲིགས།
 འདི་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོའི་གྲོང་མིས་སྒོ་འགྲམ་གྱི་རྩྭ་ངན་འཐུ་བའི་གནས་ཚུལ་ཡིན་པ།
           བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་རེད། ལྗོན་ཤིང་གིས་བསྒྲིབས་པའི་གྲོང་སྡེ་དེར་སྐྱོད་སྐབས་མི་སེར་གྱི་བོད་བཟོའི་ཁང་གསར་གྲལ་སྟར་འགྲིག་པ་དང་དུད་ཚང་57ཚང་མར་བརྙན་འཕྲིན་དང་། གློག་ཀླད། WiFi འཁྱགས་སྒམ། ཆུ་འདེད་གསང་སྤྱོད། ཉི་འོད་ནུས་པའི་གཟུགས་པོ་འཁྲུད་ཆས་སོགས་ཡོ་བྱད་དང་སྒྲིག་བཀོད་ཆ་ཚང་བ་ཡོད་པ་རེད། དེ་གར་ན་གཞོན་ཚོས་དྲ་ཐོག་ཚོང་དོན་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གང་ཞིག་ལ་བརྟེན་ནས་གྲོང་སྡེ་དེ་ཉིད་དེ་འདྲའི“དར་སོ”ཆེ་བ་ཞིག་ཏུ་གྱུར་པ་ཡིན་ནམ།
           དཀྲོགས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་པར། 2003ལོའི་གོང་དཀྲོགས་གྲོང་ཚོ་དེ་ལུང་ཁུག་ཏུ་གནས་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་ལ་ཆ་འཕྲིན་ཡང་གསང་པོ་མེད་པ་རེད། ཕྱོགས་བཞི་མཚམས་བརྒྱད་ལ་སྐྱོད་མྱོང་བ་དང་མཐོང་རྒྱ་ཆེ་བའི་དཀྲོགས་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་བག་གྲོས་རྫོང་གི་འགོ་ཁྲིད་དང་གྲོས་མོལ་བྱས་རྗེས་གྲོང་མི་རྣམས་གཞུང་ལམ་གྱི་འགྲམ་དུ་སྤོ་རྒྱུའི་སྐུལ་ལྕག་བྱས་པ་རེད། འགྲིམ་འགྲུལ་སྟབས་བདེ་རུ་སོང་བས་མི་རྣམས་ཀྱི་བསམ་བློར་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཀྱི་ལམ་བུ་ཡང་རྒྱ་ཆེར་ཕྱིན་ཡོད་པ་རེད།
           “སྐབས་དེར་མི་མང་པོ་ཞིག་གིས་སྤོ་འདོད་མི་བྱེད་པས་ང་དང‘ཧྲུའུ་ཅི་རྒན་གྲས’ཀྱི་སྤུན་མཆེད་འགས་མིག་དཔེ་སྟོན་ནས་སྔོན་ལ་སྤོས་པ་ཡིན། དེ་གར་སྤོས་རྗེས་ང་ཚོས་ལམ་གཞོགས་གཉིས་ཀྱི་ས་སྟོང་གསར་སྦོལ་བྱས་ཏེ་བློ་ཁོག་ཆེན་པོས་དྲོད་ཁང་ནང་སུར་པན་ཚོད་འདེབས་བྱས་པ་དང་ཁྱིམ་ཚང་མགྲོན་ཁང་གཉེར་བ་ཡིན། ཡུལ་མི་སྤུན་མཆེད་ཚོས་ང་ཚོའི་འཚོ་བ་ཡག་ཏུ་འགྲོ་བ་མཐོང་སྐབས། གཅིག་རྗེས་གཉིས་མཐུད་ངང་སྤོ་འགོ་ཚུགས་ནས་2006ལོར་སླེབས་སྐབས་ཚང་མ་དེ་གར་གནས་སྤོས་ཟིན་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
           སྣང་རྫོང་ལ་སུར་པན་འདེབས་སྲོལ་ཡོད་ཀྱང་ད་བར་གཞི་ཁྱོན་ཆེ་རུ་དེ་ཙམ་ཕྱིན་མེད། བག་གྲོས་དེ་གར་སྤོས་རྗེས་ང་ཚོས་ནས་དང་གྲོ་འདེབས་པའི་སྲོལ་རྒྱུན་རྣམ་པར་འགྱུར་ལྡོག་བཏང་སྟེ་དཔལ་འབྱོར་ཕན་འབྲས་མཐོ་བའི་སུར་པན་འདེབས་འཛུགས་དང་སྒོ་རའི་དཔལ་འབྱོར་དེ་ཐོན་ལས་གཙོ་བོར་བརྩིས་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱིས་སུར་པན་མུའུ་224དང་། ཀུ་ཤུ་མུའུ་150 བོད་ཁམ་མུའུ་100 སྟར་ཁ་མུའུ་900བཅས་བཏབ་པས་ལོ་ལྟར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.5ཙམ་བྱུང་ཡོད།
           ད་ཆ་རྒྱུན་བསྲིང་འཕེལ་རྒྱས་ཀྱི་འདུ་ཤེས་དེ་གར་རྩ་བ་ཚུགས་ཡོད། དབྱར་རྩྭ་དགུན་འབུ་སྔོག་པའི་ཡོང་འབབ་ཀྱིས་དཀྲོགས་གྲོང་ཚོའི་མང་ཚོགས་ཀྱི་ཡོང་འབབ་ཀྱི་50%ཡན་བཟུང་བ་དང་གཞི་ཁྱོན་ཆེན་པོས་དབྱར་རྩྭ་དགུན་འབུ་སྔོག་པ་ལས་སྣོད་བཅུད་གཏོར་སྐྱོན་ལ་སྔོན་འགོག་བྱ་ཆེད། གྲོང་ཚོས་སྔོག་འཐུའི་ས་ཚིགས་སུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་ཆེད་མངགས་ཞབས་ཞུ་མཁོ་འདོན་བྱེད་པ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མི་ཚོར་དབྱར་རྩྭ་དགུན་འབུ་སྔོག་ཤུལ་བརྒྱངས་ནས་གད་སྙིགས་གཙང་བཟོ་བྱེད་དགོས་པའི་རེ་བ་བཏོན་ཡོད།
           དེ་དང་ཆབས་ཅིག་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ཡོད། མིག་སྔར་དཀྲོགས་གྲོང་ཚོར་དུད་ཚང་12ཀྱིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་དང་ད་དུང་དུད་ཚང་10ཡིས་ཆོག་མཆན་ཐོབ་རྒྱུར་སྒུག་ནས་བསྡད་ཡོད། ཁྱིམ་ཚང་མགྲོན་ཁང་ཡང་ཐོག་མའི་ཁེར་རྐྱང་གི་བཞག་སྡོད་ནས་ཟ་སྡོད་མཁོ་འདོན་དང་ཤིང་ཏོག་འཐུ་བ་བཅས་་གཞི་གཅིག་ཏུ་བསྡུས་པའི་ཡུལ་མིའི་སྡོད་ཁང་གི་དཔལ་འབྱོར་བར་འཕེལ་རྒྱས་ཕྱིན་ཡོད་པ་རེད།
           དཀྲོགས་གྲོང་ཚོའི་གཞུང་ལམ་ཐོག་སྐྱོད་སྐབས་སུར་པན་གྱི་མེ་ཏོག་དམར་ནག་རེ་རེ་བཞིན་མིག་ལམ་དུ་མངོན་པ་དང་དེའི་དྲི་ཞིམ་ལྷགས་ཕྱོགས་དང་བསྟུན་ནས་སྣ་ལམ་དུ་འཕྱུར་འོང་གི་འདུག གྲོང་མི་ཚེ་དབང་གིས་གསར་འགོད་པར། ན་ནིང་ཁོང་ཁྱིམ་ལ་གཡེར་མ་ཁོ་ནར་ཡོང་འབབ་སྒོར་ཁྲི་1བྱུང་བའི་ཐོག་དབྱར་རྩྭ་དགུན་འབུ་སྔོག་པ་དང་། ཁྱིམ་ཚང་མགྲོན་ཁང་དང་སྒོ་རའི་དཔལ་འབྱོར་གྱི་ཡོང་འབབ་བསྣན་ན་ལོ་གཅིག་ལ་ཡོང་འབབ་གྱ་ནོམ་པ་འདུག་ཅེས་བཤད།
           “དེ་གར་མ་སྤོས་གོང་། གྲོང་ཚོའི་ནང་ཕྱིར་གླ་པ་བྱེད་པར་འགྲོ་འདོད་བྱེད་མཁན་མེད་ལ་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་ཚབས་ཆེ་ཙམ་ཡོད། ད་ཆ་གྲོང་ཚོའི་ནང་གི་ཁྱིམ་ཚང་ཚང་མས་ལྗིད་འདེགས་རླངས་འཁོར་ཉོས་པ་དང་ན་གཞོན་70%ཡན་ལྷ་ས་དང་། ཆབ་མདོ། ནག་ཆུ་སོགས་སུ་གླ་པ་རྒྱུག་པར་འགྲོ་གི་ཡོད། འགའ་ཤས་ཀྱིས་སྐྱེལ་འདྲེན་ལས་ལ་ཞུགས་པ་དང་། འགའ་ཤས་ཀྱིས་རྐོ་འདྲུ་འཕྲུལ་འཁོར་གཏོང་བ། འགའ་ཤས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་གཏོང་བ་བཅས་བྱས་པས་ཕྱུག་འགྱུར་གྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུ་རེད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
འབྲེལ་ཡོད་རྩོམ་ཡིག