ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱིས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་པ།

2018-09-17 སངས་སྐྱབས་ཀྱིས་བསྒྲིགས།
         བོད་ནི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་གཞན་དུ་གནས་སྤོས། ཐོན་ལས་འཕེལ་རྒྱས་སོགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་མང་ཚོགས་དེ་བས་མང་བ་དབུལ་སྒྲོལ་ཐུབ་པ་བྱུང་ཡོད།
         འགྲིམ་འགྲུལ་བདེ་བས་དབུལ་སྒྲོལ་ལམ་བུ་ཇེ་ཡངས་སུ་ཕྱིན་པ།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་དབུལ་སྒྲོལ་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
         བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསར་འགོད་པར་གཏམ་རྒྱུད་འདི་འདྲ་ཞིག་གསུངས་པ་སྟེ། ཡུན་ནན་བདེ་ཆེན་ནས་ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་སྐབས། ཁོང་གིས་ཇ་རྟ་གནའ་ལམ་ཐོག་བསྐྱོད་མྱོང་བའི་བགྲེས་སོང་6གནམ་གྲུར་བཞུགས་སུ་བཅུག་པ་ཡིན། སྔ་དྲོ་གནམ་གྲུ་འཕུར་བ་དང་ཉིན་དགུང་ལྷ་སར་འབྱོར་ཅིང་། བགྲེས་སོང་ཚོ་རླངས་འཁོར་ནང་བསྡད་ནས་ལྷ་ས་གྲོང་ཁུལ་དུ་སྐྱོད་སྐབས་སེམས་འགུལ་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར།བགྲེས་སོང་ཚོས་དེ་སྔ་ཟླ་བ་7ཙམ་དཀའ་བ་སྤྱད་ནས་བསྐྱོད་ན་གཞི་ནས་ལྷ་སར་སླེབས་ཀྱི་ཡོད་ཅེས་བཤད།
         ད་ཆ་བདེ་ཆེན་ཁོ་ན་མ་ཡིན་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་མང་པོ་ནས་བོད་དུ་སྐྱོད་སའི་མཁའ་ལམ་ཤར་གཏོང་ཐུབ་ཡོད། 2017ལོའི་ལོ་མཇུག་བར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་མཁའ་ལམ་79དང་རྒྱལ་ཕྱི་རྒྱལ་ནང་གི་གྲོང་ཁྱེར་42ལ་མཁའ་ལམ་ཤར་གཏོང་ཐུབ་པ་དེ་གཞི་རྩའི་ཆ་ནས་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དང་བོད་སྐྱོར་ཞིང་ཆེན་70%ལ་ཁྱབ་ཡོད། འདི་ལོའི་ཟླ་1ནས་ཟླ་6པ་བར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་ཡུལ་སྐོར་བ་མི་ཐེངས་ཁྲི་254སྐྱེལ་འདྲེན་བྱས་པ་དང་དུས་གཏན་གནམ་གྲུ་བབས་འཕུར་ཐེངས་ཁྲི་2.28བྱས་ཡོད།
         བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་གོམ་སྟབས་ཀྱང་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཞིང་། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན། བོད་ཀྱི་ཟོག་འདྲེན་75%ལྕགས་ལམ་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་ཡོངས་ལ་འདི་ལོ་ལྕགས་ལམ་འདིང་རྒྱུ་ཡིན་པ་དང་ལྕགས་ལམ་བསྐྲུན་རྗེས་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་མ་ཟད། བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པའང་དེ་བས་ལེགས་སུ་འགྲོ་རྒྱུ་རེད།
         2017ལོའི་ལོ་མཇུག་ཏུ། བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་89343ཟིན་པ་དང་གྲོང་གསེབ་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་60421ཟིན་ནས་ཤར་གཏོང་ཐུབ་ཚད་དང་ཤར་གཏོང་ཐུབ་པའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་ཕྱིན་ཡོད།
         ཡུལ་གཞན་དུ་གནས་སྤོས་བྱས་ནས་འཚོ་བའི་བར་མཐོངས་གསར་པ་བཏོད་པ།
         ཉེ་བའི་ལོ་ཤས་རིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་བོད་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ལོའི་ཟླ་6བའི་ཟླ་མཇུག་བར། བོད་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་555བསྐྲུན་པ་དང་། དུད་ཚང་ཁྲི་2.78དང་མི་ཁྲི་12གནས་སྤོས་བྱས་ཡོད།
         ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཀུན་དགའ་གྲོང་ཚོ་ནི་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མ་དཔེ་གཞན་ཞིག་རེད། གསར་འགོད་པས་རི་གཤམ་དུ་གྲལ་སྟར་འགྲིག་པའི་སྒོ་ར་རང་སྒྲིག་གི་ཁང་གསར་དང་། གྲོང་ཚོའི་གཙང་སྦྲ་དོད་པའི་འགྲོ་ལམ་ཤར་གཏོང་ཐུབ་པ་དག་མཐོང་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། ཀུན་དགའ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.1བཏང་བ་དང་། དུས་ཐེངས་དང་པོའི་ལས་གྲྭར་སྡོད་ཁང་228ཚུད་ཡོད་པ་མ་ཟད། ད་དུང་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། ཚོང་ལས་ཐོག་ཁང་། གད་སྙིགས་བར་བརྒྱུད་ས་ཚིགས། ཕྱུགས་ཚང་སོགས་ཚུད་ཡོད། གནས་སྤོས་མང་ཚོགས་དབུལ་སྒྲོལ་ཐུབ་ཆེད། རྒྱ་ཚ་རྫོང་གིས་བཏང་བའི་སྒོར་ཁྲི་2689.51ཀུན་དགའ་གྲོང་ཚོའི་རྗེས་མཐུད་ཐོན་ལས་ལ་སྤྱད་པའི་ནང་ཞིང་འབྲོག་ཐོན་རྫས་ཀྱི་འབྲུ་དང་པད་ཁའི་ལས་སྣོན་བཟོ་གྲྭ་དང་། དཔལ་འབྱོར་ནགས་ཚལ། འབྲི་ཏ་ས་འཛིན་གྱི་རྟེན་གཞི་སོགས་ཐོན་ལས་རྣམ་གྲངས་ཚུད་ཡོད།
         ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་འཕེལ་རྒྱས་དང་དབུལ་སྒྲོལ་གཉིས་ཀ་འཐུས་མ་ཤོར་བ་བྱས་པ།
         བོད་ཀྱིས་ལེགས་ཆའི་ཐོན་ལས་དང་དགོས་མཁོའི་ཐོན་ལས་དང་དབུལ་སྐྱོར་ཟུང་འབྲེལ་དམ་ཟབ་བྱས་ཏེ་འབྲེལ་ཡོད་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་མང་ཚོགས་མང་པོ་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་རེད།
         ཡུལ་སྐོར་ནི་བོད་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཀྱི་གྲས་ཤིག་རེད། ལྷ་སའི་ཚེ་མཆོག་གླིང་གྲོང་ཚོར་འཁྲབ་སྟོན་བྱེད་པའི་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》བོད་ཀྱི་ཡུལ་སྐོར་གྱི་རིག་གནས་མིང་བྱང་དུ་གྱུར་ཅིང་། 2013ལོར་འཁྲབ་ཚན་འགོ་ཚུགས་ནས་2017ལོའི་ལོ་མཇུག་བར། 《འུན་ཤིང་ཀོང་ཇོ》ཐེངས་808འཁྲབ་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་160ལ་སྣེ་ལེན་ཞུས་ཡོད། འཁྲབ་སྟོན་པ་800ཙམ་ཡོད་པའི་ནང་95%ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རེད། ཁོང་ཚོས་ཉིན་མོ་ཕྱིར་གླ་པ་རྒྱུག་པ་དང་ཞིང་ལས་བྱེད་པའི་ཁར་མཚན་མོ་འཁྲབ་སྟོན་ལ་ཞུགས་པར་ཟླ་རེར་གླ་ཆ་སྒོར་3000ནས་4000བར་ཡོད།
         ཚེ་མཆོག་གླིང་གི་གྲོང་མི་ལྷ་མོས“གྲོང་མི་འཁྲབ་སྟོན་ལ་ཞུགས་ན་གླ་ཆ་ཡོད་ལ། བ་ཕྱུགས་དང་། ལུག རྟ་བཅས་ལ་གཡར་གླ་སྤྲོད་ཀྱི་འདུག ང་ལ་ལུག་40ལྷག་ཙམ་ཡོད། ཉིན་ལྟར་དགོང་མོ་འཁྲབ་ཁྲིད་པའི་བླང་བྱ་ལྟར་ལུག་རི་གཤམ་དུ་དེད་ནས་ཟླ་རེར་གླ་ཆ་སྒོར་5000སྤྲོད་ཀྱི་འདུག”ཅེས་བཤད་བྱུང་།
         ལོ་ཤས་རིང་། 《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་ལ་མང་ཚོགས་3000ཡན་ལས་ཞུགས་ཐུབ་པ་དང་ཐོག་མར་བསྡུས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་300ཙམ་ད་ཆ་ཚང་མ་དབུལ་སྒྲོལ་ཐུབ་ཡོད།
འབྲེལ་ཡོད་རྩོམ་ཡིག