ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བྱེ་ཐང་ནས་སྐྱེད་ཚལ་བར་གྱི་འཕོ་འགྱུར།

2018-09-18 སངས་སྐྱབས་ཀྱིས་བསྒྲིགས།
​བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་སྣོད་བཅུད་འཛུགས་སྐྱོང་སྐོར་གྱི་ཟིན་ཐོ་གསུམ་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་དབྱི་ལི་བྱེ་འགོག་བྱེ་བཅོས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དཔེ་སྟོན་ཁུལ་གྱི་ཟུར་ཞིག་ཡིན་ལ་འདི་ནས་ཕར་བལྟས་ན་བསམ་ཡས་དགོན་མཐོང་ཐུབ།
          ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། དབྱར་དུས་ཀྱི་བོད་ལྗོངས་ལྷོ་ཁ་ནི་ནམ་མཁའ་གཡའ་དག་ཅིང་གཡུ་ལོ་ཚང་ཚིང་འཁྲིགས་པ་ཞིག་ཡིན་ཏེ། དབྱིབས་ནར་མོ་ཅན་གྱི་སྤང་ཁ་རེ་རེ་དང་འགོག་སྲུང་ནགས་ཚལ་རེ་རེ་དྲ་མིག་ཅན་གྱི་བྱེ་སྐྱེས་སྐྱེ་དངོས་དང་སྦྲེལ་ནས་བྱེ་ས་བརྟན་པོར་འཇགས་སུ་བཅུག ཞེང་ལ་སྨི་1800ལྷག་དང་། དཀྱུས་ལ་སྤྱི་ལེ་160 རྒྱ་ཁྱོན་ལ་མུའུ་ཁྲི་45ཙམ་ཡོད་པའི“ལྗང་མདོག་གི་ལྕགས་རི་རིང་པོ”ཞིག་ཡར་ཀྲུང་གཙང་པོའི་འགྲམ་དུ་ཆགས་ཡོད།
          ཡིན་ནའང་། ལོ་40གོང་དུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རྣམ་པ་དེ་ལས་ལྡོག་སྟེ་གཞན་ཞིག་ཡིན། སྔོ་ཁེབས་ཅི་ཡང་མེད་པའི་བྱེ་སྒང་དག་ལས་དགུན་དཔྱིད་སྐབས་རླུང་བུ་ལྡང་བ་དང་བསྟུན་ནས་མིག་ནང་བྱེ་མ་འཚང་ཡོང་།
          སྒྱུར་བཅོས་སྒོ་དབྱེའི་ཤར་རླུང་གིས། རང་བྱུང་ཁོར་ཡུག་ཞན་པོ་སྒྱུར་བཀོད་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ལྷོ་ཁའི་ལས་བྱེད་མང་ཚོགས་ཀྱི་ངར་ཤུགས་འཕེལ་བར་བྱས། བྱེ་བཅོས་པ་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་འབད་བརྩོན་དང་འཚོལ་ཞིབ་གསར་གཏོད་ལ་བརྟེན་ནས་སྣོད་བཅུད་འཛུགས་སྐྱོང་ལས་དོན་ནང་ཞུགས་ཏེ། འཛམ་གླིང་གི་ཡང་རྩེར་བྱེ་བཅོས་ཀྱི་ངོ་མཚར་ཞིག་བཏོད་པ་རེད།
འཛམ་གླིང་གི་ཡང་རྩེར་ལྗང་མྱུག་བཏབ་པའི་སྐོར།
          ལོ་71ལ་སོན་པའི་ཟླ་བ་རྒྱལ་མཚན་གྱིས་སྐབས་དེའི་གནས་ཚུལ་གསལ་པོར་དྲན་གྱི་འདུག “ནང་གི་རྨོ་ཞིང་མུའུ་ཁ་ཤས་དེ་རྟག་ཏུ་བྱེ་རླུང་གིས་མནན་གྱི་ཡོད། རི་བོ་ཚང་མ་སྐྱ་ཐེར་ཐེར་དུ་གྱུར་ནས་ཕྱུགས་འཚོ་སའང་མེད། གལ་སྲིད་སྡོང་ཕྲུག་མ་བཙུགས་ཚེ་ང་ཚོའི་ཁྱིམ་ཡང་བྱེ་མས་མནན་པ་ཡོད”
          ཡིན་ནའང་། ཟླ་བ་རྒྱལ་མཚན་བློ་ཕམ་མེད། བྱེ་སྒང་ཐོག་བཙུགས་པའི་སྡོང་ཕྲུག་རྐང་ཁ་ཤས་སྐྱེས་པ་མཐོང་བས་ཁོང་ལ་ཡིད་ཆེས་སྔར་བས་ཆེན་པོ་སྐྱེས། ལོ་འགའི་རྗེས་སུ། ས་གནས་དེ་གས་ཡར་ཀླུང་གཙང་པོའི(ལྷོ་ཁའི་དུམ་བུ)འགོག་སྲུང་ནགས་ཚལ་འཛུགས་རྒྱུའི་གྲ་སྒྲིག་བྱས། ཟླ་བ་རྒྱལ་མཚན་གྱིས་ཚང་མའི་སྔོན་ལ་མིང་ཐོ་བཀོད་དེ་ནགས་སྲུང་བ་ཞིག་བྱས། སྡོང་ཕྲུག་སྐྱེ་འཚར་ཡོང་ཆེད། ཁོང་གིས་ཚོད་ལྟ་ཐེངས་མང་བྱས་ཤིང་མཐར་སྡོང་རྩྭ་ཟུང་འབྲེལ་དང་རྩྭ་བཏབས་ནས་སྡོང་པོ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ཕྱོགས་སྡོམ་བྱས།
          སྡོང་རྐང་ཁ་ཤས་ནས་ས་ཆ་མུའུ་ཁྲི་ལྷག་སྔོ་ལྗང་དུ་འགྱུར་བའི་ལོ་40རིང་། ལྷོ་ཁའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་དཀའ་སྤྱད་དངོས་སྒྲུབ་བྱས་ནས་འཛམ་གླིང་གི་ཡང་རྩེར་སྔོ་ལྗང་ཁུལ་ཞིག་བཏོད་ཡོད།
ལྗང་མདོག་སྣོད་བཅུད་ལ་བརྟེན་ནས་ཕྱུག་འགྱུར་བྱས་པའི་སྐོར།
          “རྒྱ་ཁྱོན་ཆེ་བའི་བྱེ་ཐང་དེ་དག་སྔོ་ལྗང་ཅན་དུ་གྱུར་པ་དང་། བསམ་ཡས་གྲོང་རྡལ་ཁོ་ནའི་བྱེ་འགྱུར་རྒྱ་ཁྱོན་80%ཉུང་དུ་ཕྱིན་ཡོད”ལྷོ་ཁས་ཞིང་འབྲོག་པ་ཤིང་འཛུགས་བྱེ་བཅོས་ནང་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པས་བྱེ་འགོག་བྱེ་བཅོས་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱུང་ཡོད་ཅེས་བློ་བཟང་བསོད་ནམས་ཀྱིས་བརྗོད།
          རྒྱལ་ཁབ་ཀྱིས་སྣོད་བཅུད་ཁ་གསབ་ཀྱི་དངུལ་སྤྲད་པ་མ་ཟད་ད་དུང་ནགས་དབང་ལག་ཁྱེར་ཡང་གཉེར་བས། མང་ཚོགས་ཀྱིས་ནགས་ས་གཏའ་མར་བཞག་ནས་དངུལ་བུན་བླངས་ཏེ་ཐོན་སྐྱེད་གཉེར་སྐྱོང་སོགས་བྱེད་ཆོག་པས་ནགས་བཟོ་ནགས་སྲུང་གི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་གི་ཡོད། “མང་ཚོགས་ཚོར་སྐུལ་སློང་བྱེད་མི་དགོས་ལ་ལས་ཐོ་ཡང་རྒྱག་མི་དགོས། ཁོ་ཚོར་ཁོམ་པ་བྱུང་ཚེ་རང་འགུལ་ངང་ཤིང་འཛུགས་ནགས་སྲུང་བྱེད་ཀྱི་རེད”ཅེས་རྩེད་ཐང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་བརྗོད།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁས་ཁེ་ལས་ནང་འདྲེན་བྱས་ནས་ཐོན་ལས་དབུལ་སྐྱོར་ནང་ཞུགས་སུ་བཅུག་སྟེ། སྣོད་བཅུད་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་གྱིས“ལྗང་མདོག”གི་ཕྱུག་འགྱུར་ལམ་བུ་བཏོད་ཡོད་པ་རེད། བྱེ་ཐང་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་བྱེད་མཁན་རྒྱལ་ནང་གི་སྣེ་ཁྲིད་ཁེ་ལས་ཁག་གཅིག་གིས་མ་དངུལ་སྒོར་དུང་ཕྱུར་100ལས་བརྒལ་བའི་རྣམ་གྲངས་ཁྱེར་ནས་ཡར་ཀླུང་གཙང་པོའི་སྣོད་བཅུད་འཛུགས་སྐྱོང་ནང་ཞུགས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར། ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཚོས་སྣོད་བཅུད་དོ་དམ་སྲུང་སྐྱོང་ལས་གནས་ཐོག་ཞུགས་པ་དང་ནགས་ལས་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། འབབ་འཕར་སྒོར་དུང་ཕྱུར་2ལྷག་བྱུང་བ་དང་། ནགས་ལས་རྣམ་གྲངས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། མང་ཚོགས་དེ་བས་མང་བས་སྣོད་བཅུད་ཀྱི་ཡོང་འབབ་ལ་བརྟེན་ནས“དབུལ་པོའི་རྩ་བ”དྲུངས་ནས་ཕྱུང་ཡོད་པ་རེད།
བྱེ་བཅོས་ལམ་སྲོལ་གསར་གཏོད་བྱས་པའི་སྐོར།
          ལོ་40རིང་། ལྷོ་ཁས་སྔོ་ལྗང་མང་དུ་གཏོང་བའི་ནང་བྱེ་བཅོས་ལམ་སྲོལ་དང་ནགས་བཟོ་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ས་གནས་དེ་གའི་སྣོད་བཅུད་ཤེས་དཔལ་ལ་ནང་དོན་གསར་པ་བསྣན་པ་དང་། མང་ཚོགས་ཀྱིས་རང་རྟོགས་ངང་སྡོང་ཕྲུག་འཛུགས་པ་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་བར་དང་། དེ་ནས་ཁེ་ལས་དང་སྤྱི་ཚོགས་ཐོན་ལས་ནང་ཞུགས་ནས་འཕེལ་རྒྱས་གཏོང་བའི་བར་བཅས་བྱེ་བཅོས་ལམ་སྲོལ་བཟང་པོ་ཞིག་གྲུབ་བཞིན་ཡོད་པ་རེད།
          བྱེ་འགོག་བྱེ་བཅོས་བྱེད་པ་དང་ཆབས་ཅིག ད་དུང“བྱེ་མ་བེད་སྤྱོད”ཀྱང་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་མ་འོངས་པར་བྱེ་ཐང་གི་མཛེས་ལྗོངས་དང་། འདམ་རའི་ཡུལ་སྲོལ། སྐྱེད་ཚལ་གྱི་ཁྱད་ཆོས་བཅས་གཞི་གཅིག་ཏུ་འདུས་པའི་བྱེ་ཐང་སྤྱི་གླིང་འཆར་འགོད་དང་འཛུགས་སྐྲུན་བྱས་ནས་ས་གནས་དེ་གའི་མང་ཚོགས་དང་ནང་སའི་ཡུལ་སྐོར་བར་མྱོང་ཚོར་མི་འདྲ་བ་ཞིག་སྦྱིན་རྒྱུ་ཡིན་པ་རེད།
          ཕ་ཡུལ་གྱི་འཕོ་འགྱུར་སྐོར་གླེང་སྐབས། གྲ་ནང་རྫོང་གྲམ་མདའ་གྲོང་ཚོའི་གྲོང་མི་ཡོན་ཏན་གྱིས་དགའ་སྤྲོ་འཁོལ་བའི་ངང“ལྗང་མདོག་ཐོན་ལས་མང་དུ་ཕྱིན་པ་དང་བསྟུན་ནས་རང་བྱུང་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ད་དུང་འབྲུ་རིགས་ཐོན་འབབ་འཕར་བ་དང་ཕྱུགས་འཚོ་སའང་མང་དུ་ཕྱིན་སོང”ཞེས་བརྗོད། མི་རྣམས་ཀྱིས་ད་དུང་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། དཔལ་འབྱོར་ནགས་ཚལ་འཛུགས་པ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་སོགས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་སྔར་བས་ཡངས་སུ་ཕྱིན་ཡོད་པ་རེད།
          ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་སྡོད་པའི་དཔལ་འབྱོར་ནི་སྡོང་ཕྲུག་བཙུགས་ནས་སྐད་གྲགས་ཆོད་ཅིང་། གྲ་ནང་རྫོང་དུ་ཁོང་ལ་སྡོང་འཛུགས་མཁས་ཅན་ཞེས་འབོད་ཀྱི་ཡོད་པ་རེད། ལོ་བཅུ་ཕྲག་ཁ་ཤས་རིང་། ཁོང་གིས་རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་ཞིག་མུའུ་450ཡོད་པའི་སྡོང་ཕྲུག་ར་བ་ཞིག་ཏུ་སྒྱུར་བཀོད་བྱས་ཤིང་། སྡོང་ཕྲུག་ཁྲི་འབུམ་མང་པོ་བཙུགས་པས་དེ་དག་འཛམ་གླིང་ཡང་རྩེར་ཡག་པོ་སྐྱེས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག