ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཆེ་དགྲ་ལྷས་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐད་དབྱེ་ཞིབ་དང་བཀོད་གཏོང་གི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་བ།

2018-09-19 སངས་སྐྱབས་ཀྱིས་བསྒྲིགས།
          ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐད་དབྱེ་ཞིབ་དང་བཀོད་གཏོང་གི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
          རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། དབང་ཧའེ་ཀྲོའུ། ལུའོ་མེ་བཅས་ཕེབས་ཡོད་པ་རེད།
          ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་ལོ་འགོར་གཏན་འཁེལ་བའི་སྔོན་དཔག་དམིགས་ཚད་དང་ལས་འགན་ཁག་ལ་དམིགས་པ་དང་ལྷག་པར་དུ་ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་དམིགས་ཏེ་འཕར་རྒྱུ་བརྟན་པོ་དང་། འབབ་འཕར་བརྟན་པོ། མ་འཇོག་བརྟན་པོ་བཅས་ཡོང་བ་བྱེད་དགོས།
          ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཚན་དཔལ་འབྱོར་གྱི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། གླིང་ཁུལ་གྱི་གཅིག་འདུས་ཕན་འབྲས་འདོན་སྤེལ་བཅས་བྱས་ནས་ཐོན་ལས་ཆེན་པོ་བདུན་གྱི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། ངལ་ནུས་ལྷག་མ་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མང་ཚོགས་ལས་གྲྭ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞུགས་རྒྱུར་སྣེ་ཁྲིད་བྱེད་པ་དང་སྲིད་ཇུས་བྱ་ཐབས་ཁག་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མང་དུ་ཏན་ཏིག་གཏོང་དགོས། ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་བོད་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་འབྲེལ་རྣམ་གྲངས་འཛུགས་སྐྲུན་ལ་རང་འགུལ་ངང་འབྲེལ་མཐུད་དང་སྔོན་ཚུད་ནས་ཇུས་འགོད་བྱས་ཏེ་ཕྱོགས་ཡོངས་ནས་ཕྱིར་བསྡུ་མི་ཐུབ་པའི་མ་དངུལ་གཙང་བཤེར་དང་རྒྱལ་ཁབ་ཀྱི་དངུལ་བུན་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་དགོས། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། བོད་ལྗོངས་འགྲེམས་ཚོགས་སུ་གན་རྒྱ་བཞག་པའི་རྣམ་གྲངས་དོན་འཁྱོལ་ལ་རྗེས་སྙེག་ཧུར་ཐག་བཅས་བྱས་ནས་གོ་རིམ་ཧྲིལ་པོའི་ཚབ་སྒྲུབ་དང་ཆེད་ཚན་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས། འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་སྐབས་དང་པོའི་ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་འགྲན་བསྡུར་དང་ལམ་ཚད་ཕྱེད་ཀའི་མར་སུན་འགྲན་རྒྱུག་སོགས་ཀྱི་བྱེད་སྒོར་གྲ་སྒྲིག་ཧུར་ཐག་བྱེད་དགོས། གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཚོང་དོན་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས།
          ཆེ་དགྲ་ལྷས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་མཐའ་འཁྱོངས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དྲག་ཆར་སོགས་གནོད་འཚེས་རྐྱེན་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་དང་འགན་ལེན་ཡག་པོ་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་ནི་དགོས་གལ་ཆེ་ཤོས་ཡིན་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱས་པའི་ཚུར་སྣང་གནད་དོན་དག་ཐེར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཚན་པའི་GDPནུས་རྒྱུ་ཟད་གྲོན་དམའ་རུ་བཏང་སྟེ་རྫོང་དང་ཆུས་ཀྱི་གད་སྙིགས་གཙང་བཟོ་དང་བཙོག་ཆུ་གཙང་གསིང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ཐོབ་པར་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་གྲོང་ཁྱེར(ས་ཁུལ)བདུན་པོས་ཟླ་བ་དང་པོ་ནས་བརྒྱད་པའི་བར་གྱི་རང་སོ་སོའི་ས་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་བྱས་ཚུལ་སྙན་སེང་ཞུས་པ་རེད།
འབྲེལ་ཡོད་རྩོམ་ཡིག