ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷུན་གྲུབ་རྫོང་དུ་གཉེར་བ།

2018-09-25 སངས་སྐྱབས་ཀྱིས་བསྒྲིགས།
           ཚེས་23ཉིན་གྱི་སྔ་དྲོ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོར་གཉེར་བ་རེད།
           ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཝུན་ཧན་གྱིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཞིང་པ་དུང་ཕྱུར་དུ་མའི་ལོ་ལེགས་དུས་ཆེན་ལ་གནང་བའི་སྨོན་འདུན་སྒྲོག་སྦྱངས་ཞུས་པ་རེད།
           བྱེད་སྒོ་སྤེལ་ཡུལ་དུ་དགུང་ཨ་སྔོན་དབྱིངས་སུ་སྤྲིན་དཀར་ཚོམ་བུས་བརྒྱན་ཞིང་། ཡངས་པའི་ཞིང་ས་གཤིན་པོའི་སྟེང་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་དེ་ལས་ད་ལོ་ཡང་ལོ་ལེགས་འབྲས་བཟང་གི་དུས་སྟོན་ཡག་པོ་ཞིག་ཡིན་པ་མངོན་པ་དང་། ས་མཐོའི་ཕྱོགས་མཚམས་ཀུན་ནས་ལོ་ལེགས་ཀྱི་འབྲས་བཟང་སྨིན་པའི་ངང་ཚུལ་ཞིག་ངང་གིས་ཚོར་ཡོང་གི་འདུག ཞིང་འབྲོག་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ས་གཤིན་པོའི་ཐོག་ཏུ་འཛོམས་ནས་སྤྲོ་བ་ཆེན་པོས་རང་ཉིད་ལ་དབང་བའི་དུས་ཆེན་བཏང་ནས་མཉམ་དུ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བཞིན་འདུག རྣམ་པ་ཟབ་མོ་དེ་འདྲའི་ཁྲོད་ཞིང་པར་དགའ་ཞེན་དང་། ཞིང་པར་མཐོང་ཆེན། ཞིང་པར་རྒྱབ་སྐྱོར། ཞིང་པ་ཕྱུག་པོ་ཆགས་པ། ཞིང་པ་སྟོབས་ཆེན་ཆགས་པ་བཅས་ཀྱི་དུས་རབས་ཀྱི་གསུང་སྒྲ་དྲག་པོ་ཞིག་བསྒྲགས།
           བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་སྨོན་འདུན་བཟང་པོ་ཞུས་པ་རེད། ཞིང་འབྲོག་མང་ཚོགས་ཀྱིས་ནས་འབྲུ་དགུང་ལ་གཏོར་ནས་ལོ་ལེགས་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ལུགས་མཚོན་པར་བྱས། དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་དང་ལྷན་དུ་རིག་རྩལ་འཁྲབ་སྟོན་གཟིགས་པ་རེད།
           བྱེད་སྒོ་སྤེལ་རིང་། ཞིང་འབྲོག་པའི་ཕུལ་བྱུང་འཐུས་མི་བརྒྱད་ལ་གཟེངས་བསྟོད་ཐོབ་པ་དང་། ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་དང་ལྷུན་གྲུབ་རྫོང་མང་ཚོགས་ཀྱིས་ལྟད་མོ་ཆེ་བའི་དམངས་ཁྲོད་ཀྱི་རིག་རྩལ་འཁྲབ་སྟོན་བྱས་པ། ཞིང་འབྲོག་ཚན་རྩལ་དྲིལ་བསྒྲགས་བར་ཁྱམས་དང་ཁྱད་ལྡན་ཞིང་ཟོག་ཐོན་རྫས་འགྲེམས་སྟོན་བྱ་ཡུལ་དུ་ལྟད་མོ་ལྟ་མཁན་མང་ཚོགས་རྒྱུན་ཆད་མེད་པ། གཟན་རྩྭ་འདེབས་འཛུགས་རྟེན་གཞིར་དེང་རབས་ཞིང་ལས་འཕྲུལ་ཆས་ཅན་གྱི་སྒྲིག་ཆས་ཀྱིས་ལས་ཀ་གཞི་གཅིག་ཅན་བྱས་ནས་ལོ་ལེགས་འབྲས་བཟང་བསྡུ་བཞིན་ཡོད་པ་རེད།
           སྔར་ནས་ད་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། བོད་ཀྱི་ཞིང་འབྲོག་ལས་ལ་འཚོལ་ཞིབ་བྱེད་རིང་ཟམ་མི་ཆད་པར་སྒྱུར་བཅོས་བྱས་པ་དང་སྒྱུར་བཅོས་བྱེད་རིང་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2003ལོ་ནས་བཟུང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་15བསྟུད་མར་གྲངས་གནས་གཉིས་འཕར་བ་དང་། 2017ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10330ཟིན་པ་དེ་1978ལོའི་ལྡབ་59.4རེད། ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་འདིར་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་བོད་ཀྱི་བྱེད་སྒོ་གཉེར་བ་འདིས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུར་ཕན་པ་ཡོད་པ་དང་། རང་ལྗོངས་ཀྱི་སོ་ནམ་རིག་གནས་དང་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་དར་སྤེལ་གཏོང་རྒྱུར་ཕན་པ་ཡོད་པ། ཞིང་འབྲོག་པའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། གཟི་བརྗིད་ཀྱི་སེམས་པ་བཅས་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ངོས་འཛིན་ཟབ་ཏུ་འགྲོ་བ་དང་ཐོབ་པར་དཀའ་བའི་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་འགྲོ་ངེས་ཡིན་པ་དང་། ཞིང་འབྲོག་པའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ཤུགས་ཆེར་འཕེལ་ངེས་ཡིན་པ། ཞིང་འབྲོག་པའི་དངོས་པོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་དུས་རབས་གསར་པའི་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་མངོན་ངེས་རེད།
འབྲེལ་ཡོད་རྩོམ་ཡིག