ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལག་གདང་སྦྲེལ་ནས་བོད་སྐྱོར་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ།

2018-10-19 རིན་སྒྲོལ་གྱིས་བསྒྲིགས།
          ཚེས་16དང་ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་ཞིང་ཆེན་དུ་བསྐྱོད་ནས་འཚམས་ལན་དང་རྟོག་ཞིབ་སློབ་སྦྱོང་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ཤིས་ཨན་གྲོང་ཁྱེར་ཁྲན་པཱ་སློབ་འབྲིང་དང་པོའི་བོད་རིགས་སློབ་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་སློབ་མ་ཚོས་མེས་རྒྱལ་ལ་དགའ་ཞེན་དང་། བོད་ལ་དགའ་ཞེན། གོ་སྐབས་ལ་གཅེས་སྤྲས། སློབ་སྦྱོང་ཡག་པོ་བཅས་བྱ་རྒྱུའི་སྐུལ་ལྕག་གནང་བཞིན་པ། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་16དང་ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་ཞིང་ཆེན་དུ་བསྐྱོད་ནས་འཚམས་ལན་དང་རྟོག་ཞིབ་སློབ་སྦྱོང་དང་། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་གནས་ཚུལ་ལ་བརྟག་ཞིབ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གཟིགས་སྐོར་བཅས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། བོད་སྐྱོར་ལས་བྱེད་པ་དང་ཁོང་རྣམ་པའི་ནང་མི་བཅས་ལ་འཚམས་འདྲི་ཡང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་བཅས་ཀྱིས་མཉམ་དུ་འཚམས་ལན་དང་རྟོག་ཞིབ་གནང་བ་དང་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཅང་ཧྥུང་དང་ཧྲའན་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ལེ་ཁེ་མཉམ་དུ་ཕེབས་ཡོད་པ་རེད། 
          ཤིས་ཨན་གྲོང་ཁྱེར་ཁྲན་པཱ་སློབ་འབྲིང་དང་པོ་ནི་ཧྲའན་ཤིས་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་ད་ཆ་བོད་ལྗོངས་འཛིན་གྲྭ་དགུ་ལ་སློབ་མ་བསྡུས་ཡོད། སློབ་གྲྭས་སྤེལ་བའི་ཧྲའན་བོད་ཁྱིམ་ཚང་ཆ་སྒྲིག་དང་། སློབ་མ་ཡོངས་ཀྱི་ཀུན་སྤྱོད་སློབ་གསོ། འཛིན་གྲྭ་ཆ་སྒྲིག སློབ་མ་ཆ་སྒྲིག ཉལ་ཁང་མཉམ་བསྲེས་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་སློབ་མའི་ཁྲོད“མོས་སེམས་ལྔ”དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་པ་དང་ཆབས་ཅིག་སློབ་གྲྭས་ད་དུང་རིམ་དབྱེ་སློབ་ཁྲིད་དང་འཛིན་གྲྭ་མཉམ་བསྲེས་ཀྱི་སློབ་ཁྲིད་སོགས་བྱེད་ཐབས་སྤྱད་པ་བརྒྱུད་སློབ་མའི་སྦྱངས་འབྲས་ལེགས་སུ་བཏང་བ་དང་མི་རིགས་རོལ་དབྱངས་སོགས་ཀྱི་ཚོགས་པ་བཙུགས་ནས་སློབ་མའི་ཤེས་བྱའི་མཐོང་རྒྱ་ཆེ་རུ་བཏང་ཡོད། ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་སློབ་གྲྭར་ཕེབས་ནས་ཧྲའན་བོད་སློབ་མ་ཉལ་ཁང་མཉམ་དུ་སྡོད་པ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་བོད་ལྗོངས་འཛིན་གྲྭའི་སློབ་མའི་མངོན་འགྱུར་བའི་ལག་ལེན་དང་། ཚན་རྩལ་མྱོང་རོལ་སློབ་ཚན། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སློབ་ཚན་སློབ་ཁྲིད་གནས་ཚུལ་བཅས་ལ་ལྟ་སྦྱོང་གནང་བ་རེད། བོད་ཀྱི་སློབ་མ་ཚོས་སྦྱང་པའི་ཤེས་བྱའི་ཐོག་ནས་གདེང་ཚོད་ཆེན་པོས་ཚང་མར་ཚན་རིག་གི་སྣང་ཚུལ་སྣ་ཚོགས་འགྲེལ་བཤད་རྒྱག་པ་གཟིགས་སྐབས། ཝུའུ་དབྱིང་ཅེས་ཐུགས་སྣང་གཤིན་པོས་སློབ་མ་ཚོའི་ཚོད་ལྟ་ཁག་ནང་ཞུགས་པ་དང་ཁོང་ཚོས་ལག་པ་འགུལ་བ་དང་བསམ་བློ་གཏོང་བའི་འཇོན་ཐང་ལ་བསྔགས་བརྗོད་གནང་བ་དང་འབྲེལ་ཚང་མར་མེས་རྒྱལ་ལ་དགའ་ཞེན་དང་། བོད་ལ་དགའ་ཞེན། གོ་སྐབས་ལ་གཅེས་སྤྲས། སློབ་སྦྱོང་ཡག་པོ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་བོད་ཀྱི་རྒྱ་ཆེའི་སློབ་མ་ཚོར་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཟོས་ཡོད། ཚེས་15ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་རྒྱ་ཆེའི་སློབ་མ་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད། སློབ་མ་ཚོས་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཆུང་དུས་ནས་རྒྱང་རིང་ཕུགས་བསམ་འཛུགས་པ་དང་། རང་བྱུང་ཚན་རིག་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན། ལག་པ་སྒུལ་བ་དང་བསམ་བློ་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ། གཟུགས་པོ་སྦྱོང་བརྡར་ལ་ཤུགས་སྣོན། མིག་ཤེད་ཡག་པོ་སྲུང་བ། སློབ་གྲྭའི་སློབ་གྲོགས་དང་ཕན་ཚུན་རོགས་རམ་དང་ཕན་ཚུན་དགའ་ཞེན་བཅས་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་ཕུགས་བསམ་ལྡན་པའི་ལོ་ཆུང་བཟང་པོ་ཞིག་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་དང་ཡར་རྒྱས་བརྩོན་ལེན་བྱེད་མཁན་གྱི་ལོ་ཆུང་བཟང་པོ་ཞིག ཀུན་སྤྱོད་བཟང་བ་དང་མཐུན་སྒྲིལ་མཛའ་གཅེས་ཀྱི་ལོ་ཆུང་བཟང་པོ་ཞིག གཟུགས་པོ་བདེ་ཐང་དང་གྲུང་ཤ་ལྡན་ལ་སེམས་ཁམས་ཡངས་པའི་ལོ་ཆུང་བཟང་པོ་ཞིག་བཅས་བྱ་རྒྱུའི་རེ་བ་ཡོད། དགེ་རྒན་ཚོས་ཀུན་སྤྱོད་ལ་བརྟེན་ནས་སློབ་མ་གསོ་སྦྱོང་མཐའ་འཁྱོངས་བྱས་ཏེ་བརྩེ་སེམས་དང་འགན་འཁྲི་བློ་ལ་བཅངས་ནས་སློབ་ཁྲིད་བྱེད་ཐབས་གསར་གཏོད་དང་ཚན་རིག་ཤེས་བྱ་སློབ་ཁྲིད་ཡག་པོ་བྱས་ནས་སློབ་མ་ཚོས་སྦྱོང་སླ་བ་དང་། ཤེས་ཐུབ་པ། ཡག་པོ་སྤྱོད་ཐུབ་པ་བཅས་བྱེད་དགོས་པ་མ་ཟད། “ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་ཆོས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་འབྲེལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྒྱ་ཁྱབ་སྤེལ་ནས་རྒྱ་ཆེའི་སློབ་མ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུར་སློབ་གསོ་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས། 
          བོད་སྐྱོར་ལས་བྱེད་པ་དང་ཁོང་ཚོའི་ནང་མི་དང་བཞུགས་མོལ་གནང་སྐབས། ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་གྱིས་ཚང་མ་དང་དགའ་སྤྲོ་མཉམ་འཛོམས་གནང་ནས་ཕན་ཚུན་བཀའ་མོལ་གནང་ཞིང་། བོད་སྐྱོར་ལས་བྱེད་པ་དང་ཁོང་ཚོའི་ནང་མི་ཚོས་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་མྱོང་བ་དང་བསྟུན་ནས་བརྗོད་པའི་མི་སེམས་འགུལ་བའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དེ་སྔ་གངས་ལྗོངས་ས་མཐོར་ཕྱག་ལས་གནང་མྱོང་བ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་འབུལ་མཁན་ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་དང་དེ་བཞིན་བོད་སྐྱོར་ལས་བྱེད་པར་བསམ་ཤེས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ནང་མི་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། 
          ཤིས་ཨན་ལས་བྱེད་ལུས་གསོ་ཁང་དུ་ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་གྱིས་ལས་བྲལ་དང་ལས་འཁྱུར་ལས་བྱེད་པ་རྒན་གྲས་ཚོར་དཀར་གཙང་མཇལ་དར་བསྒྲོན་ནས་བཀྲ་ཤིས་སྨོན་འདུན་ཞུས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་པ་རེད། ཝུའུ་དབྱིང་ཅེས་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། ཁྱེད་ཚོ་ནི་བོད་འཕེལ་རྒྱས་ཡར་ཐོན་ལོ་རྒྱུས་ལ་སྐུལ་འདེད་གཏོང་མཁན་དང་དཔང་པོ་བྱེད་མཁན་ཞིག་དང་། བོད་ཀྱི་བྱ་གཞག་ཁག་གསར་འབྱེད་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན་ཞིག་རེད། ཁྱེད་ཚོས་བཏོད་པའི་འོད་སྟོང་འཕྲོ་བའི་ལས་རྗེས་དང་ཁྱེད་ཚོའི་བླ་ན་མེད་པའི་ཀུན་སྤྱོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་ལ་ནམ་ཡང་ངེས་སྲིད། ཁྱེད་ཚོས་གསར་བརྗེའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་ཐུབ་པ། བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་བཅས་གནང་སྟེ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ཏང་གཤིས་ཟབ་པ། ཉམས་མྱོང་ལེགས་པ་བཅས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་གནང་སྟེ་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཕྱག་རོགས་གནང་ནས་ལས་དོན་ཁག་དེ་བས་ཡག་པོ་སྒྲུབ་པ་དང་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་གང་མང་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས། 
          ཤིས་ཨན་དོན་གཅོད་ཁྲུའུ་ཡི་འཕེལ་རྒྱས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་སྐབས། ཝུའུ་དབྱིང་ཅེས་ཤིས་ཨན་དོན་གཅོད་ཁྲུའུ་ཡིས“འདུ་ཤེས་བཞི”བརྟན་པོ་འཆང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ། བྱས་རྗེས་འཇོག་པ་དང་གནས་བབ་མཐའ་འཁྱོངས་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། ཞབས་ཞུའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་ལས་བྲལ་དང་ལས་འཁྱུར་གནང་བའི་བློ་མཐུན་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་ཆབས་ཅིག ཧྲའན་ཤིས་ཞིང་ཆེན་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ནང་སའི་སློབ་གཉེར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་དང་། མངའ་རིས་ས་ཁུལ་གྱི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། 
          འཚམས་ལན་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ད་དུང་དབྱང་ལིང་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ་དང་དེང་རབས་ཞིང་ལས་གསར་གཏོད་གླིང་སོགས་ལ་གཟིགས་སྐོར་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་འབྲེལ་ཡོད་ཚན་པ་ཁག་གིས་ཧྲའན་ཤིས་ཞིང་ཆེན་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ནས་བོད་ཀྱི་དོན་དངོས་དང་བསྟུན་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་ས་གནས་མང་ཚོགས་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་དང་། ཧྲའན་ཤིས་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པས་བོད་རང་སྐྱོང་ལྗོངས་ལ་ས་མཐོའི་གནམ་གཤིས་དང་འཚམ་པའི་འབྲས་ཤིང་སྡོང་ཕྲུག་དང་སྤྱོད་གོ་ཆོད་པའི་སྐྱེད་སྲིང་ཉམས་མྱོང་མཁོ་འདོན་བྱས་ཏེ་བོད་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་རྩོམ་ཡིག