ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཁམས་ཀྱི་ཁང་པའི་བཟོ་བཀོད་ནི།། བྲིས་པའི་རི་མོ་ཇི་བཞིན་མཛེས།།

2018-11-21 ལྷ་མོ་ཚེ་རིང་། ཆོས་དབྱིངས་སྒྲོལ་མ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་20ཉིན། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་བོད་ཁུལ་གྱི་འཕྲིན་གཏོང་བ་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་ཚོགས་མི་40ལྷག་དར་མདོ་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ། ཁ་བ་བུ་ཡུག་གི་རྩུབ་རླུང་རྒོད་ཅིང་རི་མགོ་ཐམས་ཅད་ཁ་བས་གཡོགས་པའི་རྒྱུད་ལ་རི་བོ་དལ་གྱིས་བརྒལ་ལ། ར་རྔ་ཁ་དང་མི་ཉག་ལྷ་སྒང་། གཞན་རྟའུ་རྫོང་དང་བྲག་འགོ་རྫོང་བཅས་བརྒྱུད་སྐབས། ང་ཚོའི་ཡིད་ཀྱི་དང་བ་འདྲེན་ཞིང་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པ་ནི་ལམ་འགྲམ་གྱི་ཁང་པའི་བཟོ་བཀོད་རེད།
          ཁམས་ཀྱི་ཁང་པའི་བཟོ་བཀོད་དང་འཛུགས་སྐྲུན་གྱི་ཆ་ལ་བོད་ཀྱི་ཡུལ་གྲུ་གཞན་ལས་མངོན་གསལ་གྱིས་ཁྱད་ཆོས་ལྡན་ཏེ། ཁང་པ་ཕལ་མོ་ཆེའི་རྒྱུ་ཆ་གཙོ་བོ་རྡོ་ཡིན་ལ། ཁང་པ་ཐོག་བརྩེགས་གཉིས་ཅན་དང་གསུམ་ཅན་ཅི་རིགས་ཡོད་མོད། མང་ཆེ་བ་ནི་ཐོག་བརྩེགས་གསུམ་ཅན་རེད། རྒྱུས་ལོན་བྱས་པ་ལྟར་ན། ཁང་པའི་ཐོག་བརྩེགས་གསུམ་པ་རུ་ཡར་ལྷ་ལ་མཆོད་པ་འབུལ་སའི་མཆོད་ཁང་ཡོད་ལ། ཐོག་བརྩེགས་གཉིས་པར་མི་སྡོད་ཁང་ཡོད། ཐོག་བརྩེགས་དང་པོ་རུ་སྒོ་ཕྱུགས་ཀྱི་ཁང་པ་དང་རྩྭ་ཁང་སོགས་ཡོད་པར་བཤད། དེར་མ་ཟད། ཐོག་བརྩེགས་གཉིས་པའམ་གསུམ་པའི་ཁང་པའི་མདུན་དུ་ལྷས་ར་ཆེན་པོ་ཞིག་འདུག དེ་ནི་སྟོན་ཀར་ཞིང་པ་རྣམས་ཀྱིས་འབྲུ་རིགས་སྐེམ་ས་ཡིན། དེ་ལས་མི་ལ་རས་པའི་རྣམ་ཐར་དུ་ཞིབ་འབྲི་གནང་བའི་ཁང་པའི་བཟོ་བཀོད་ཀྱི་རྣམ་པ་དེའང་ཡིད་ལ་དབང་མེད་དུ་འཁོར་འོང་ཞིང་། ཁང་པའི་བཟོ་བཀོད་ཀྱི་འཛུགས་སྐྲུན་ལ་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད་པའང་ཞོར་ལ་རྟོགས་ཐུབ།
          ཐོན་སྐྱེད་བྱེད་སྟངས་མི་འདྲ་བ་དང་ཡུལ་བབས་མི་འདྲ་བ་སོགས་ཀྱི་དབང་གིས། ཁམས་ཀྱི་ཁང་པའི་བཟོ་བཀོད་ཀྱང་རྣམ་པ་ཆིག་རྐྱང་ཅན་ཞིག་མིན་པར། ཡུལ་ལུང་སོ་སོའི་ཁང་པ་ལ་རང་རང་གི་ཁྱད་ཆོས་ཀུན་ནས་ལྡན། མདོར་ན། ཁང་པའི་བཟོ་བཀོད་སྣ་ཚོགས་ཀྱིས་ཁམས་ཕྱོགས་ལ་ཁ་དོག་གསར་པ་ཞིག་གི་མདངས་དང་བྲོ་བ་ལྷག་མ་ཞིག་གི་བཅུད་བསྩལ་ཡོད་དོ།།
ར་རྔ་ཁའི་ཁང་པའི་བཟོ་བཀོད།
རྟའུ་རྫོང་གི་ཁང་པའི་བཟོ་བཀོད།
བྲག་འགོ་ས་ཆའི་ཁང་པའི་བཟོ་བཀོད།
འབྲེལ་ཡོད་རྩོམ་ཡིག