ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བྲག་འགོ་རྫོང་གི“བྱེས་སའི་”དབུལ་སྐྱོར་བྱེད་ཐབས་ཀྱིས་མི་སེར་དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་ཐོན།

2018-11-22 བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་(དུས་དེབ་དང་དྲ་བ།)འཕྲིན་སྐྱེལ་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དུ་བསྐྱོད་སྐབས། བྲག་འགོའི་བྱེས་སའི་དཔལ་འབྱོར་གླིང་ཁུལ་གྱི་གནད་སྨིན་དབུལ་སྐྱོར་གྱི་གནས་ཚུལ་ལ་བཅར་འདྲི་བྱས།
སྐྱེ་ལྡན་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་གསར་གཏོད།
           གླིང་ཁུལ་ཁེ་ལས་ཀྱིས་སྐྱེ་ལྡན་བདེ་ཐང་ཞིང་ལས་ཐོན་རྫས་ཀྲོ་མ་ཀྲུ་ཆུང་བ་རིགས་གཙོ་བོ་བྱས་ཏེ་འདེབས་འཛུགས་བྱས། ས་མཐོའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་དོ་དམ་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ལྗང་མདོག་ཐོན་རྫས་ཀྱི་གཏན་འབེབས་བླང་བྱ་ལྟར་གཟབ་ནན་གྱིས་ས་གཙང་ལས་གྲྭ་ལག་བསྟར་དང་སྐྱེ་ལྡན་ལུད་སྤྱོད་འདེབས་འཛུགས་བྱས་ཏེ། ཞིང་ལས་ས་ལུད་གཉིས་ཀྱི་སྦགས་བཙོག་ཉུང་དུ་བཏང་ནས། ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་ཆགས་པའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱས།
གླིང་ཁུལ་གྱི་ས་གནས་དེ་གའི་བཟོ་པས་འཕྲུལ་འཁོར་བཀོལ་སྤྱོད་བྱེད་བཞིན་པ།
           གླིང་ཁུལ་དེར་བཏབ་པའི་ཀྲོ་མ་ཀྲུ་ཆུང་བའི་མངར་ཆ་འདུས་ཚད་དུས་མཚུངས་སྐབས་ས་ཁུལ་གཞན་གྱི་ཀྲོ་མ་ཀྲུ་ཆུང་བའི་མངར་ཆ་འདུས་ཚད་ལས་4%-8%བར་གྱིས་མཐོ་བ་དང་། འཚོ་རྒྱུ་Cའདུས་ཚད་དེ་བས་མཐོ། རོ་མངར་ལ་ཁར་ཞིམ་པ་དང་འཚོ་རྒྱུ་ཕུན་སུམ་ཚོགས་པ། ལྗང་མདོག་བདེ་ཐང་ཡིན་པས་ཐོན་རྫས་ཀྱི་ཚོང་རའི་རིན་གོང་མཐོ་ནའང་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ཆ་ཤས་ས་གནས་སུ་མཁོ་སྤྲོད་བྱེད་པ་ཕུད་ཁྲེང་ཏུའུ་དང་ཀོང་ཀྲོའུ། ཧྲང་ཧའེ། པེ་ཅིན་སོགས་ས་ཁུལ་གཞན་དུ་བཙོངས་བཞིན་ཡོད། མིག་སྔར་ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང་བཅས་གཅིག་ཏུ་འབྲེལ་བའི་ཐོན་ལས་ཀྱི་སྦྲེལ་ཐག་གྲུབ་པས། ཡུལ་དེའི་ཞིང་ལས་ཐོན་རྫས་ཐོན་ལས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་ཞིག་ཏུ་གྱུར་ཡོད།
གླིང་ཁུལ་ཁེ་ལས་ཀྱི་འགན་འཁུར་བས་སྐྱེ་ལྡན་ལྗང་མདོག་ཀྲོ་མ་ཀྲུ་ཆུང་བའི་དགེ་མཚན་ངོ་སྤྲོད་བྱེད་བཞིན་པ།
ཚན་རིག་དང་མཐུན་པའི་བྱེད་ཐབས་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་ཐོབ།
           གླིང་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབོད་སྐུལ་འོག “ས་ཞིང་གཅིག་སྡུད་བྱེད་པ་དང་གྲོང་ཚོ་ཁག་གི་སྣེ་དྲངས། སྣེ་འདྲེན་གཉེར་སྐྱོང་། མ་རྐང་བཞག་ནས་ཁེ་སྤོགས་བགོ”བའི་བསམ་ཕྱོགས་གཞིར་བཟུང་ནས། 2016ལོར་བྲག་མགོ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཐུན་མོང་གི་“བྱེས་སའི་བྱེད་ཐབས་”བཏོན། ཐུན་མོང་ཐོག་བྲག་མགོ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་“བྱེས་སའི་ཐོན་ལས་གླིང་”དུ་སྐྱེ་ལྡན་སྔོ་ཚལ་དྲོད་ཁང་ཆེན་མོ་བཟོས། དྲོད་ཁང་རེའི་ལོ་ལྟར་གྲོང་ཚོའི་དབུལ་པོའི་མཉམ་ལས་ཁང་ལ་ཆ་སྙོམས་ཁེ་སྤོགས་ཆེས་དམའ་བ་སྒོར་ཁྲི་3རེ་བགོ་བ་ཁག་ཐེག་བྱས། དབུལ་པོའི་གྲོང་ཚོ་དང་དབུལ་པོ་མིན་པའི་མི་རེར་མ་རྐང་1(དབུལ་པོ་མི་རེའི་མ་རྐང་2རེ་)བགོ་བཤའ་བརྒྱབ། ལོ་དེར་མ་དངུལ་སྒོར་ཁྲི2860བསྡུ་སྒྲིལ་བྱས་ནས་དྲོད་ཁང་ཆེན་མོ་100བསྐྲུན། གྲོང་ཚོའི་དབུལ་པོ་48དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་དང་དབུལ་པོའི་དུད་ཚང་3677དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་སྐྱོར་ཐུབ། ལོ་རེར་ཁེ་སྤོགས་སྒོར་ཁྲི་300བགོས་ཆོག  ལས་ཞུགས་ལས་གནས་87ཐག་གཅོད་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལ་སླེབས།
གླིང་ཁུལ་གྱི་སྐྱེ་ཚུལ་ལེགས་པའི་སིལ་ཏོག་ཀྲོ་མ་ཀྲུ་ཆུང་བ།
           ལོ་གསུམ་གྱི་རིང་གླིང་ཁུལ་གྱིས་བསྡོམས་པའི་གྲོང་ཚོ་དབུལ་པོ་88ཀྱི་དུད་ཚང་དབུལ་པོ་6000ལྷག་ཙམ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བར་རོགས་སྐྱོར་ཐུབ། ཀུང་སིས་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་750བགོས། མི་གྲངས་186གི་ལས་ཞུགས་ཐག་བཅད། ལོ་ལྟར་གླ་ཕོགས་སྒོར་ཁྲི་700ལྷག་ཙམ་བྱིན། བྱེད་ཐབས་དེས་དབུལ་པོ་ཞིང་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པ་མ་ཟད། དེང་རབས་ཞིང་ལས་ཀྱི་ཡོང་འབབ་འཕར་བ་དང་དབུལ་པོའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་མངོན་འགྱུར་བྱུང་།
གླིང་ཁུལ་དུ་སྤྱོད་འགོ་ཚུགས་པའི་བྱེས་སའི་དྲོད་ཁང་ཆེན་མོ།
           རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། རྒྱལ་ཡོངས་སུ་ཧ་ལམ་མི་ཁྲི་3000དབུལ་སྒྲོལ་ཐུབ་མེད། ཡིན་ནའང་། 2018ལོར་ཁྱབ་བསྒྲགས་བྱས་པའི་《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ལོ་གསུམ་བྱ་སྤྱོད་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ལྟར། འབྱུང་འགྱུར་གྱི་ལོ་གསུམ་ནང་ད་ཡོད་ཀྱི་ཚད་གཞིའི་འོག  གྲོང་གསེབ་ཀྱི་དབུལ་པོ་མི་འབོར་ཚང་མ་དུས་ལྟར་དབུལ་སྒྲོལ་ཐུབ་པ་དང་། ཤིན་ཏུ་དབུལ་པོའི་ས་ཁུལ་འདུས་པའི་དབུལ་པོའི་ས་ཁུལ་ཡོངས་དུས་བཅད་ལྟར་ཁྱོན་ཡོངས་ནས་དབུལ་སྒྲོལ་གྱི་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས།
གླིང་ཁུལ་གྱི་བྱེས་སའི་ཐོན་ལས་དབུལ་སྐྱོར་འདེབས་འཛུགས་ལག་རྩལ་གསོ་སྦྱོང་རྟེན་གཞི།
           མིག་སྔར།  རྒྱལ་ཡོངས་སུ་ཆ་སྙོམས་ལོ་རེར་དབུལ་ཕོངས་མི་གྲངས་ཁྲི་1000ལྷག་ཙམ་ཉུང་དུ་གཏོང་དགོས། འོས་འགན་ཛ་དྲག་ཆེ་ཡང་བྲག་མགོའི་ས་གནས་སུ་བྱེས་སའི་དབུལ་སྒྲོལ་གྱི་ཉམས་མྱོང་བྱ་ཐབས་རྟོག་དཔྱོད་ཐུབ་པ་དང་། མུ་མཐུད་དུ་ཕྱི་ཕྱོགས་སུ་ཁྱབ་གདལ་བཏང་ནས་རྒྱལ་ཡོངས་དབུལ་སྒྲོལ་ལས་དོན་ལ་རོགས་རམ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལོན་པར་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་རྩོམ་ཡིག