ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཟླ་12པའི་ཚེས་23 ཉིན་ནས་བཟུང་། 2019ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་མེ་འཁོར་སྤ་སེ་གཏོང་མགོ་རྩོམ་རྒྱུ་རེད།

2018-12-12 པད་མས་བསྒྱུར།
          དགུན་གྱི་དུས་ཚིགས་སླེབས་པ་དང་བསྟུན་ནས་ལྕགས་ལམ་སྐྱེལ་འདྲེན་གྱིས་ཀྱང་མི་རིང་བར་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ཚ་རླབས་དེ་བསུ་རྒྱུ་རེད། ལྕགས་ལམ་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་སྤ་སེ་སྔོན་ཚུད་ནས་འཚོང་དུས་དེ་ཉིན་30བར་ཇེ་རིང་དུ་བཏང་ཡོད་པ་རེད། དེ་ཡང་གསལ་བོར་བཤད་ན། ཟླ་12པའི་ཚེས་23ཉིན་ནི་2019ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་མེ་འཁོར་སྤ་སེ་ཉོ་བའི་ཉིན་དང་པོ་རེད། 
          ཉིན་ཤས་བསྟུད་མའི་རིང་། གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་སུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བ་ལྟར་ན། དགུན་ཁ་སླེབས་ཚུན་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་ཀྱང་འགྲུལ་པ་མང་ཤོས་ཀྱི་ཉིན་མོ་བསུས་པ་སྟེ། གཙོ་བོ་ཕ་ཡུལ་དུ་ལོག་པའི་རྒྱུན་དང་། གཉེན་འཕྲད་ཀྱི་འགྲུལ་པ་ཡིན། Z6802མེ་འཁོར་ལ་བསྡད་ནས་མཚོ་སྔོན་ཟི་ལིང་དུ་འགྲོ་བར་སྒུག་པའི་འགྲུལ་པ་ཀྲའོ་ཀོ་ཕིང་གིས་གསར་འགོད་པར་བཤད་རྒྱུར། “ངས་ཉིན་བདུན་གྱི་སྔོན་ལ་དྲ་ཚིགས་12306བརྒྱུད་ནས་མེ་འཁོར་སྤ་སེ་མངག་ཉོ་བྱས་པ་ཡིན་ཞིང་། མངག་ཉོད་བྱེད་དུས་ཉལ་ཁྲི་འབོལ་མ་དང་། ཉལ་ཁྲི་དཀྱུས་མ། རྐུབ་བཀྱག་གི་སྤ་སེ་ད་དུང་ཅུང་འདང་ངེས་ཡོད་པ་རེད”ཅེས་བཤད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཕྱོགས་གཞན་དག་དཔེར་ན་ཁྲུང་ཆིན་གྲོང་ཁྱེར་དང་། ཁྲེན་ཏུའུ་སྟེ། ལྷ་ས་ནས་གཏོང་འགོ་ཚུགས་པའི་མེ་འཁོར་གྱི་སྤ་སེ་རིགས་མཁོ་འདོན་མི་འདང་བའི་གནས་ཚུལ་བྱུང་བ་དང་། དུས་མཚམས་ལ་ལར་ཉལ་ཁྲི་འབོལ་མ་ཉུང་ངུ་ཙམ་ལས་ལྷག་མེད། དེའི་རྐྱེན་གྱིས་མེ་འཁོར་ལ་བསྡད་ནས་ཕྱིར་སྐྱོད་མཁན་གྱི་འགྲུལ་པས་སྔོན་ལ་སྤ་སེ་མངག་ཉོ་བྱ་རྒྱུའི་གསལ་འདེབས་བྱས་པ་ཡིན། 
          ལོ་སྔོན་མའི་གོམས་སྲོལ་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཡུན་ནི་ཉིན་40ཡིན་ཞིང་། དེ་ལོ་སར་གོང་གི་ཉིན་15དང་ལོ་སར་རྗེས་ཀྱི་ཉིན་25རུ་བགོས་ཡོད། 2019ལོའི་ཟླ་2པའི་ཚེས་5ཉིན་ནི་ལོ་སར་ཚེས་གཅིག་ཡིན་ཞིང་། མིག་སྔར་རྒྱལ་ཡོངས་ཀྱི་དྲ་ཐོག་ནས་སྤ་སེ་ཉོ་བ་དང་ཁ་པར་ནས་སྤ་སེ་མངག་ཉོའི་སྔོན་འཚོང་བྱ་བའི་དུས་ཡུན་དེ་ནི་མེ་འཁོར་མ་བཏང་གོང་གི་ཉིན་30ཡིན་པ་དང་། རླངས་འཁོར་ས་ཚིགས་ཀྱི་སྤ་སེ་འཚོང་སའི་སྒེའུ་ཁུང་དང་། ལྕགས་ལམ་འགྲུལ་བཞུད་ཀྱི་སྤ་སེ་ཚབ་ཚོང་ས་གནས་དང་རང་འགུལ་སྤ་སེ་འཚོང་སའི་སྔོན་འཚོང་བྱ་བའི་དུས་ཡུན་ནི་མེ་འཁོར་མ་བཏང་གོང་གི་ཉིན་28ཡིན། འདི་ལྟར་རྩིས་བརྒྱབ་ན། 2019ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་2019ལོའི་ཟླ་1པོའི་ཚེས་21ཉིན་ནས་མགོ་བརྩམས་པར་མ་ཟད། ཟླ་3པའི་ཚེས་1ཉིན་བར་དུ་རྒྱུན་མཐུད་བྱ་རྒྱུ་རེད། 2019ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོའི་མེ་འཁོར་སྤ་སེ་ཆེས་སྔ་བ་དེ་ཟླ་12པའི་ཚེས་23ཉིན་ནས་ཉོ་ཆོག་པ་རེད། 
          གནས་ཚུལ་སྤེལ་བར་གཞིགས་པ་ལྟར་ན། 2019ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ལྕགས་ལམ་སྡེ་ཚན་གྱིས“རྗེས་སྣོན་སྤ་སེ་ཉོ་བའི”ནུས་པ་དར་སྤེལ་བཏང་བ་སྟེ། འགྲུལ་པས་12306 སྤ་སེ་ཉོ་བའི་ཆ་འཕྲིན་ལས་སྟེགས་ནས་ཐོ་འགོད་དང་སྤ་སེ་ཉོ་བའི་ཆ་འཕྲིན་གྱི་མ་དངུལ་སྔོན་སྤྲོད་བྱས་རྗེས། གལ་ཏེ་སྤ་སེ་ཕྱིར་སློག་བྱ་རྒྱུའམ་པ་སེ་ལྷག་མ་བྱུང་རིགས། 12306 མ་ལག་ནང་ནས་རང་འགུལ་གྱིས་འགྲུལ་པར་སྤ་སེ་ཉོ་བ་ཡིན། སྤ་སེ་ཉོ་བའི་མྱུར་ཚད་དང་ཡང་ན་སྤ་སེ་ཉོ་ཐུབ་ཚད་སོགས་གང་ཡིན་རུང་ཚང་མ་སྤ་སེ་མྱུར་ཐོབ་མཉེན་ཆས་ལས་མཐོ་བ་ཡོད་པ་རེད། གཞན་ཡང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་གནས་ཚུལ་ལྟར་ན། 2019ལོའི་ཟླ་1པོའི་ཚེས་5ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་སྒྱུར་ཆེན་རི་མོ་དེར་ལམ་ཐིག་དང་ཐེངས་གྲངས་མང་པོ་དང་འབྲེལ་བ་ཡོད། དེར་བརྟེན་། འབྲེལ་ཡོད་སྡེ་ཁག་གིས“རྗེས་སྣོན་སྤ་སེ་ཉོ་བའི”ནུས་པ་འདི་འདྲ་བཏོན་ཡོད་མེད་གང་ཡིན་རུང་། ཕྱི་རུ་འགྲོ་བའི་འཆར་གཞི་ཡོད་པའི་ཁྱེད་རང་ལ་མཚོན་ནས་བཤད་ན་དཔྱིད་གསར་སྐྱེལ་འདྲེན་མ་སླེབས་སྔོན་དུ་སྤ་སེ་མངག་ཉོ་བྱ་རྒྱུ་ནི་གདམ་ཀ་ཨང་དང་པོ་དེ་ཡིན།
འབྲེལ་ཡོད་རྩོམ་ཡིག