ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མཚོ་སྔོན་གྱིས་དེང་རབས་ཚན་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།

2018-12-12 སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་བཟོ་རྩལ་དང་གྲངས་འཛིན་ཅན་གྱི་ལས་སྣོན་ཐབས་ལམ་སྤྱད་དེ། བོད་ལུགས་གསོ་རིག་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་ནས་བོད་ལུགས་གསོ་རིག་སྨན་བཅོས་དང་། ཁམས་གསོའི་བདེ་སྲུང་། ཚན་རིག་ཞིབ་འཇུག་བཅས་ཀྱི་ཐད་ལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་འབྱུང་བར་སྣེ་ཁྲིད་དང་སྐུལ་འདེད་བཏང་།
           གསར་འགོད་པས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྐྱེ་དངོས་རྫས་འགྱུར་གྱི་གསོ་སྐྱོང་སྒམ་དང་། ནུས་མཐོ་གཤེར་མཚན་མདོག་ཤལ་དཔྱད་ཆས། རླུང་མཚན་མདོག་ཤལ་དཔྱད་ཆས་སོགས་དེང་རབས་ཅན་གྱི་སྨན་རྫས་ཞིབ་བཤེར་སྒྲིག་ཆས་མང་པོ་ཞིག་སྨན་སྦྱོར་ཚན་ཁག་ཏུ་སྒྲིག་ཡོད་པ་མཐོང་། དེ་བོད་ལུགས་གསོ་རིག་གི་ལོ་རྒྱུས་ཐོག་སྔོན་ཆད་མཐོང་མ་མྱོང་བས། བོད་སྨན་འདུལ་སྦྱོང་དེ་སྔོན་ཆད་ཀྱི“ལས་ར”ནས་དེང་རབས་ཅན་གྱི་ཚོད་ལྟ་ཁང་དུ་གནས་སྤར་ཏེ་རིམ་བཞིན་ཚན་རིག་ཅན་དང་། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་པ་མཚོན།
           མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་གི་ལས་བྱེད་མི་སྣ་བཟང་མོས་གློག་ཀླད་ཀྱི་མདུན་ནས་བོད་ཀྱི་སྨན་གཞུང་དཔེ་རྙིང་དག་གྲངས་འཛིན་ཅན་དུ་ལས་སྣོན་བྱེད་བཞིན་ཡོད། མོས་ལག་གི་དཔེ་རྙིང་ཚད་ལྡན་ཡིག་ཆའི་ནང་དོན་དེ་ཡིག་འབྲུ་རེ་རེ་བཞིན་ཆད་ལུས་མེད་པར་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་དང་ཞབས་ཞུའི་ལས་སྟེགས་མ་ལག་ནང་ཕབ་འཇུག་བྱས་རྗེས། ཞུ་དག་ཞིབ་ཚགས་བྱས་པ་བརྒྱུད་དྲ་ཐོག་གི་གཞི་གྲངས་མཛོད་དུ་འཇོག་བཞིན་ཡོད།
           ངོ་སྤྲོད་བྱས་པ་ལྟར་ན། ལོ་ངོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་གིས་སྔ་གཞུག་ཏུ་མི100ལྷག་རྩ་འཛུགས་བྱས་ཏེ། དབྱིན་ཇི་དང་ཨ་རི། དབྱི་ཐ་ལི། རྒྱ་གར། བལ་བོ་སོགས་རྒྱལ་ཁབ10དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་སུ་སོང་ནས་བོད་ལུགས་གསོ་རིག་སྨན་གཞུང་དཔེ་རྙིང100ལྷག་འཚོལ་སྡུད་དང་ལེགས་སྒྲིག་བྱས། མིག་སྔར་གྲངས་འཛིན་ཅན་གྱི་ལས་སྣོན་མངོན་འགྱུར་བྱས་པའི་དཔེ་རྙིང་རིགས600ལྷག་ཡོད།
           མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་གི་ཡིག་ཆ་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་མཁའ་འགྲོ་སྐྱབས་ཀྱིས་བཤད་རྒྱུར། དཔེ་རྙིང་འདི་དག་ནི་བོད་ལུགས་གསོ་རིག་ཐད་ཀྱི་གཞུང་ལུགས་ཞིབ་འཇུག་དང་། ནད་ཐོག་ཞིབ་འཇུག སྨན་རྫས་གསར་པའི་གསར་སྤེལ་ཞིབ་འཇུག་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཡིན་ལ། ཀྲུང་གོའི་བོད་ལུགས་གསོ་རིག་ཐད་ཚན་རྩལ་ཞིབ་འཇུག་དང་ཐོན་ལས་གསར་གཏོད་བཅས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་འདོན་ཐུབ་ཟེར།
           མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དོན་གྲུབ་ཀྱིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཚན་རྩལ་འཆར་འགོད་ལས་གཞི53ལ་རོགས་སྐྱོར་བྱས་པ་དང་། སྤྱིའི་མ་དངུལ་སྒོར་ཁྲི9548བཏང་། ཚན་རྩལ་རོགས་སྐྱོར་འགྲོ་གྲོན་སྒོར་ཁྲི1543.5བཏང་སྟེ་རྒྱུ་ཆ་ཐོན་སྐྱེད་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ། འཇོན་མི་སྐྱེད་སྲིང་། བདེ་ཐང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ཡོད་ཟེར།
འབྲེལ་ཡོད་རྩོམ་ཡིག