ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“དབུལ་སྒྲོལ་བྱེད་པར་མི་གཅིག་ཀྱང་མི་ལུས་པར་བྱེད”ཅེས་བོད་ལྗོངས་དཔའ་ཤོད་རྫོང་གིས་དབང་པོ་སྐྱོན་ཅན་རྣམས་ལས་ཞུགས་བྱས་ནས་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས་པ།

2018-12-13 པད་མས་བསྒྱུར།
རི་མོ་འདི་ནི་དཔའ་ཤོད་རྫོང་མི་རིགས་བཟོ་རྩལ་གྱོན་གོས་ལས་སྣོན་བཟོ་གྲྭའི་འགྲེམས་པང་རེད། 
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་དཔའ་ཤོད་རྫོང་ལ་དམིགས་བསལ་ལྡན་ཞིང་བཀྲག་མདངས་འཚེར་བའི་མི་རིགས་གྱོན་གོས་ལས་སྣོན་བཟོ་གྲྭ་ཞིག་ཡོད་ཅིང་། དེ་དམིགས་བསལ་ཡིན་ཞེས་བཤད་དགོས་པའི་རྒྱུ་མཚན་ནི་ལས་མི་མི་གྲངས་23ཡོད་པའི་ཁྲོད་མི་17ནི་དབང་པོ་སྐྱོན་ཅན་ཡིན་པ་དང་། ཁོ་ཚོས་བསྒྲུབས་པའི་མི་རིགས་གྱོན་གོས་ལ་ཀུན་གྱིས་བསྟོད་བསྔགས་བྱེད་པས་ལོ་ཧྲིལ་པོའི་ཕྱིར་ཚོང་བྱེད་ཚད་ཁྲི་400ལྷག་ཟིན་གྱི་ཡོད།
རི་མོ་འདི་ནི་དཔའ་ཤོད་རྫོང་མི་རིགས་བཟོ་རྩལ་གྱོན་གོས་ལས་སྣོན་བཟོ་གྲྭའི་ཐོན་རྫས་འགྲེམས་སྟོན་བྱས་པ་དེ་རེད། 
           དཔའ་ཤོད་རྫོང་མི་རིགས་བཟོ་རྩལ་གྱོན་གོས་ལས་སྣོན་བཟོ་གྲྭ་ནི2014ལོའི་ཟླ3པར་བཙུགས་པ་ཡིན་ཞིང་། རྒྱ་ཁྱོན་ལ་མུའུ་དྲུག་དང་། ལོའི་ཐོན་ཚད་གྱོན་གོས་ཁྲི1.6ཡིན་པ་དང་། དེའི་ཐོན་རྫས་གཙོ་བོར་སྡེབ་བཟོའི་འགེལ་ཆས་དང་ཕོ་མོའི་རྒྱན་གོས་སོགས་ཡིན་ཞིང་། སིལ་ཚོང་དང་། སྡེབ་ཚོང་། རང་གིས་བཟོ་རུ་འཇུག་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་གཙོ་བོ་དཔའ་ཤོད་རྫོང་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་བྲིན་འཚོང་བྱེད་ཀྱི་ཡོད། 
རི་མོ་འདི་ནི་བཟོ་གྲྭའི་འཚེམ་དྲུབ་ཁང་དུ་བསྒྲིགས་པའི་ཚོན་སྐུད་རེད། 
           ཀུང་སིས་དགེ་རྒན་གྱི་སློབ་ཁྲིད་དང་ལག་ལེན་དངོས་ཀྱི་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་ཐབས་ཤེས་སྤྱད་དེ་ལས་མིར་གསོ་སྦྱོང་བྱས་པ་དང་། གྱོན་གོས་ལས་སྣོན་གྱི་རྩལ་ནུས་སློབ་ཁྲིད་ནི་བཟོ་གྲྭའི་ལག་རྩལ་མཁན་གྱིས་འགན་འཁུར་བ་དང་། དེ་ནས་ལས་བཟོ་བས་དངོས་ཡོད་ཀྱི་ལག་ལེན་བྱས་ཏེ་མི་རིགས་གྱོན་གོས་ཀྱི་ལས་སྣོན་ལག་རྩལ་དངོས་སུ་ཁོང་དུ་ཆུད་དེ་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བ་མངོན་འགྱུར་བྱས། 
           དཔའ་ཤོད་རྫོང་མི་རིགས་བཟོ་རྩལ་གྱོན་གོས་ལས་སྣོན་བཟོ་གྲྭའི་མི་རེར་ཉིན་རེའི་གླ་ཕོགས་དམའ་ཤོས་ནི་སྒོར་80དང་། ཆེས་མཐོ་ཤོས་ནི་སྒོར་180ཡིན་པར་མ་ཟད། ཟ་སྡོད་བྱེད་ཆོག་སྟེ་ནུས་ལྡན་སྒོས་དཀའ་ངལ་ཡོད་པའི་མང་ཚོགས་དང་དམིགས་བསལ་མི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱས། 
རི་མོ་འདི་ནི་ལས་བཟོ་པས་རྒན་གསོ་ཁང་གི་དགུན་ཆས་བཟོ་བཞིན་པའི་རྣམ་པ་རེད། 
           ལས་སྣོན་བཟོ་གྲྭ་དེའི་འགན་འཁུར་བ་བློ་བཟང་ཆོས་འཕེལ་གྱིས་བཤད་རྒྱུར“དམིགས་བསལ་གྱི་མི་ཚོགས་ལ་ལས་ཀ་དང་ཡོང་འབབ་བརྟན་པོ་ཞིག་མེད་པའི་དབང་གིས་རྒྱུན་པར་མཐོང་ཆུང་བྱེད་ཀྱི་ཡོད་ཅིང་། ཁོ་ཚོར་ལས་ཀ་ཞིག་མཁོ་སྤྲོད་བྱས་ཏེ་ཁོང་ཚོས་རང་སྟེང་གི་རིན་ཐང་རྙེད་པར་བཅུག་ན་དབུལ་སྐྱོར་སྣ་རྐྱང་ལས་དེ་བས་ཀྱང་གལ་ཆེན་ཡིན་པས་མི་གཅིག་ཀྱང་དབུལ་སྒྲོལ་ལས་མི་ལུས་པ་དངོས་ནས་བསྒྲུབ་ཐུབ”ཅེས་བཤད།
འབྲེལ་ཡོད་རྩོམ་ཡིག