ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྩིག་རྨང་དངོས་སུ་འདིང་འགོ་ཚུགས།

2018-12-14 བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན། བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྩིག་རྨང་འདིང་བའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་སྤེལ། བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་གཏན་འཁེལ་བྱས་པའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན།
           བོད་རང་སྐྱོང་ལྗོངས་སྨན་ཁང་གི་འཛུགས་བསྐྲུན་བྱེད་གནས་ནི། སྟོད་ལུང་བདེ་ཆེན་ཁུལ་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་ཡོད། འཆར་འགོད་སའི་རྒྱ་ཁྱོན་ལ་མུའུ་400དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་27ཡོད་པ་དང་། འཆར་གཞི་ལྟར་ན་2021ལོར་དངོས་སུ་བཀོལ་སྤྱོད་བྱ་གྲབས་ཡོད། ནད་པའི་མལ་ཁྲི་1499བཀོད་སྒྲིག་བྱས་ཡོད།
           བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཁུལ་ཡོངས་དང་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་ཐོན་ཁུངས་ཀྱི་གནས་བབ། དེ་བཞིན་རིག་གཞུང་ཚན་ཁག་གི་ད་ལྟའི་གནས་བབ་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་སྤྱིའི་སྨན་བཅོས་ཀྱི་བཀོད་སྒྲིག་དང་རིག་གཞུང་ཚན་ཁག་ཁྱབ་ཚུལ་ལ་ཟུང་འབྲེལ་བྱས་ཏེ། ཕྱོགས་བསྡུས་ཁུལ་གྱི་སྨན་ཁང་ལ་འཕྲད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། འཐབ་ཇུས་ཀྱི་གོ་བབ་ལ་ཞིབ་འཇུག་དང་གཉེར་སྐྱོང་བྱེད་སྟངས་ལ་བསམ་གཞིགས་བགྱིས་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་གསལ་བོ་བཟོས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་གཞི་》བཟོས། བོད་རང་སྐྱོང་ལྗོངས་སྨན་ཁང་གིས་ལྷ་ས་རྟེན་གཞི་བྱས་ཏེ། ཁུལ་ཡོངས་ལ་ཞབས་ཞུ་བྱེད་པ་དང་། སྙིང་ཁམས་ཁྲག་རྩའི་ནད་དང་རྨས་སྐྱོན་མྱུར་སྐྱོབ། འབྱིན་རྔུབ་མ་ལག འཇུ་བྱེད་མ་ལག མིག་ནད་ཚན་ཁག སོ་ནད་ཚན་ཁག བདེ་ཐང་སླར་གསོ་བཅས་ཁྱད་ལྡན་ཚན་ཁག་ཡོད་པ་དང་། སྔོན་འགོག་དང་སྨན་བཅོས། བདེ་སྲུང་། སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་གཅིག་ཏུ་འདུས་པའི་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་སྤྱི་ཚོགས་ཀྱི་རིག་གནས་དང་ལྗང་མདོག རིག་ནུས་ལྡན་པའི་རིམ་པ་དང་པོའི་ཀ་པའི་རྒྱལ་ཁབ་ཀྱི་(ས་མཐོ)ས་ཁུལ་སྨན་བཅོས་ལྟེ་གནས་འཛུགས་བསྐྲུན་བྱ་རྒྱུ་ཡིན།
           རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་སྨན་ཁང་གིས་“ཆེད་ལས་ཚན་ཁག་ཆེན་པོ་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེ་”བའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་གཞིགས་ནས། ལྗོངས་ཁོངས་ཀྱི་སྙིང་ཁམས་དང་ཀླད་པའི་ཁྲག་རྩའི་ནད་འགོག་བཅོས་ལྟེ་གནས་དང་། རྨས་སྐྱོན་མྱུར་སྐྱོབ་ལྟེ་གནས(ས་མཐོའི་འཕྲལ་སྡོམ་གསོ་རིག་རོགས་སྐྱོབ་ལྟེ་གནས)། འབྱིན་རྔུབ་ནད་ཡམས་འགོག་བཅོས་ལྟེ་གནས། འཇུ་ནད་ཡམས་འགོག་བཅོས་ལྟེ་གནས། མིག་ནད་དང་སོ་ནད་འགོག་བཅོས་ལྟེ་གནས། བདེ་ཐང་སླར་གསོའི་གསོ་རིག་ལྟེ་གནས། དེ་བཞིན་རྒྱལ་ཡོངས་ཀྱི་ས་མཐོའི་ནད་ཞིབ་འཇུག་ལྟེ་གནས། ལྗོངས་ཡོངས་ཀྱི་གནད་སྨིན་གསོ་རིག་ལྟེ་གནས་སོགས་ལྟེ་བ་བརྒྱད་བཙུགས་ཡོད། ལྗོངས་ཡོངས་ཀྱི་དཀའ་གནད་ཚབས་ཆེ་བའི་ནད་རིགས་ལ་སྨན་བཅོས་དང་སྤྱི་པའི་འཕྲལ་བྱུང་དོན་རྐྱེན་མྱུར་སྐྱོབ་བཅས་ཀྱི་ལས་འགན་གཙོ་བོ་ཁུར་ཡོད། མང་ཚོགས་ཀྱི་བདེ་ཐང་ལ་གནོད་ཆེ་བའི་སྙིང་ཀླད་ཁྲག་རྩ། རྨས་ཕོག འབྱིན་རྔུབ་སོགས་འབུར་དུ་ཐོན་པའི་ས་མཐོའི་རང་བཞིན་གྱི་ནད་ཀྱི་གནད་དོན་ཐག་བཅད་ནས། རང་སྐྱོང་ལྗོངས་སུ་“ནད་ཆེན་པོ་བོད་ལྗོངས་ནས་ཕྱིར་འགྲོ་མི་དགོས་པ་དང་ནད་འབྲིང་བ་གྲོང་ཁྱེར་དང་ས་ཁུལ་ནས་ཕྱིར་འབུད་མི་དགོས་པ། ནད་ཆུང་བ་རྫོང་ནས་ཕྱིར་འབུད་མི་དགོས་”པའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱ་དགོས།
           འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྨན་ཁང་གིས་“སྔོན་འགོག་དང་སྨན་གསོ། བདེ་སྲུང་། སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་བའི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ཀ་པའི་ས་མཐོའི་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་”ཀྱི་འཐབ་ཇུས་རྨང་གཞི་བྱས་ཏེ། སྨན་ཁང་གིས་དུས་ཡུན་རིང་བོའི་འཕེལ་རྒྱས་ལ་དམིགས་ཏེ་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་སྤྱིའི་འཆར་འགོད་ལྟར་བཀོད་ཇུས་ལ་བཅོས་སྒྲིག་དང་ལེགས་བསྒྱུར་བྱ་དགོས། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་དེ་སླད་ཕྱིན་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་བསམ་གཞིགས་གནད་ཆེ་བྱེད་པ་དང་། དུས་མཚུངས་སུ་སྨན་བཅོས་ཞབས་ཞུའི་རྣམ་པ་གསར་བ་འཚོལ་ཞིབ་བྱ་དགོས་པ་དང་། བཅོས་དཀའ་བའི་ནད་ལྕི་མོ་ཡན་ལག་ཚན་ཁག་བསྡུ་སྒྲིལ་གྱི་རྣམ་པས་སྨན་བཅོས་བྱ་དགོས། བསམ་གཞིགས་རགས་པར་བྱས་ན། ལོ་5ནས་10རིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་བརྒྱུད་བོད་རང་སྐྱོང་ལྗོངས་སྨན་ཁང་གིས་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག་སོགས་ཕྱོགས་མང་པོའི་ཐད་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དགོས།
འབྲེལ་ཡོད་རྩོམ་ཡིག