ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་མཇུག་བསྡུས་པ།

2019-01-16 བཀྲ་རྒྱལ་གྱིས་བསྒྱུར།
ཚོགས་འདུ་མཇུག་བསྡུ་བའི་ཡུལ་དངོས།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོར། དུས་ཡུན་ཉིན5ཡི་རིང་གི་བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། སྔོན་ལ་བཀོད་སྒྲིག་བྱས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ་བོད་རང་སྐྱོང་ལྗོངས་མི་དམངས་ཚོགས་ཁང་དུ་མཇུག་སྒྲིལ་བའི་ཚོགས་འདུ་བསྡུས།
             བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་རིང་། འཐུས་མི་རྣམ་པས་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཕྲག་ཏུ་བླངས་ཤིང་འགན་འཁྲི་རྣམ་དག་ངང་བསྒྲུབས་པ་དང་། སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་དང་དེ་མིན་གྱི་སྙན་ཞུ་ཁག་ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་པ་དང་འདེམས་བསྐོའི་ལས་འགན་སྣ་ཚོགས་བདེ་བླག་ངང་འགྲུབ་ཡོད་པ་རེད།
འཐུས་མིས་ལག་པ་ཡར་བཀྱགས་ཏེ་གྲོས་གཞི་ཁག་བརྡས་ཐག་གཅོད་ཀྱིན་པ།
             མཇུག་འགྲིལ་ཚོགས་འདུར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་ཀྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་ཀྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད་པ་རེད།
ཚོགས་འདུ་མཇུག་བསྡུ་བའི་ཡུལ་དངོས།
             གྲོས་རིམ་ཁག་ལེགས་པར་གྲུབ་རྗེས། བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས། འདི་ནི་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་འདུས་བྱུང་པ། དམངས་གཙོ་མཐུན་སྒྲིལ། སྲོལ་བཟང་སྤྱོད་བཟང་གི་ཚོགས་ཆེན་ཞིག་ཡིན་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི300ལྷག་ཙམ་ལ་སྐུལ་སློང་དང་སྐུལ་ལྕག་བཏང་ནས་ཡིད་ཆེས་སྔར་ལས་བརྟན་པོ་དང་སྙིང་སྟོབས་རབ་ཏུ་འཕེལ་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན་བྱུང་།
ཚོགས་འདུ་མཇུག་བསྡུ་བའི་ཡུལ་དངོས།
འཐུས་མིས་ལག་པ་ཡར་བཀྱགས་ཏེ་གྲོས་གཞི་ཁག་བརྡས་ཐག་གཅོད་ཀྱིན་པ།
             བློ་བཟང་རྒྱལ་མཚན་གྱིས། “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་ཏེ། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་གཏིང་ལ་འཛིན་པ། དམངས་འཚོའི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་སེམས་པ་སྔར་བས་ཇེ་དྲག་ཏུ་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྔར་བས་མངོན་འགྱུར་ཡག་པོ་བྱ་རྒྱུ་དང་། སྲུང་སྐྱོང་གང་ལེགས་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་དགོས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་གནང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་བརྟན་ལྷིང་ཡོང་བ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཐག་གཅོད་རང་བཞིན་གྱི་རྨང་གཞིར་འདིང་དགོས་ཞེས་བསྟན།
             ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་གླུ་སྐད་ཁྲོད་རྒྱལ་ཁའི་ངང་གྲོལ་བ།
ཚོགས་འདུ་མཇུག་བསྡུ་བའི་ཡུལ་དངོས།
             གོམ་འགྲོས་བརྟན་པོ་འགྱུར་མེད་དུ་སྤོ་བ་དང་། དགའ་སྤྲོའི་འཛུམ་མདངས་ཀྱིས་ཡོངས་སུ་ཁེངས་ནས་འཐུས་མི་རྣམས་ཚོགས་ར་ནས་ཕྱིར་ཐོན་པ་རེད།
             བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། འདམ་གཞུང་རྫོང་གི་རྫོང་དཔོན་འཆི་མེད་ཚེ་རིང་གིས། འདས་ལོ་གཅིག་གི་རིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་གནང་པ། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”སྐུལ་འདེད་ཏན་ཏིག་གནང་པ་དང་། དམངས་འཚོ་ལེགས་བཅོས་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུ་དང་ལས་ཞུགས་ལས་གཏོད། ཐོན་ལས་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ། སྐྱེ་ཁམས་ཁོར་ཡུག  སྨན་བཅོས་འཕྲོད་བསྟེན་སོགས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་བ།  དངོས་ཕན་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་སྐོར་ཞིག་གནད་དུ་བཟུང་ནས་ཐག་གཅོད་གནང་་ཡོད་པ་རེད། ཕྱིར་ལོག་རྗེས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་རྒྱུ་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡིས་ལྷ་སའི་འཐུས་ཚབ་ཚོགས་པར་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཏེ། འདམ་གཞུང་གི་ནོར་གནག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁྱོན་ཡོངས་ནས་ ས་གཙང་འབྲོག་ར་གཏོད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུ་ཡིན་ཟེར།
             འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་། ཕྱིར་ལོག་རྗེས་མགྱོགས་མྱུར་ངང་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་པ། ཕྱོགས་ཡོང་ནས་ལག་བསྟར་དམ་འཛིན་བྱེད་པ།  ཚོགས་འདུའི་དགོངས་དོན་ལས་གནས་སྟེང་དང་བྱ་སྤྱོད་ཐོག་དོན་འཁྱོལ་གནང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་སྟོབས་ཤུགས་སྔར་ལས་ལྷག་པ་འབུལ་དགོས་ཞེས་བསྟན་བྱུང་།
འབྲེལ་ཡོད་རྩོམ་ཡིག