ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ན་ནིང་བོད་ལྗོངས་ཀྱི་ལས་ཞུགས་གནས་ཚུལ་བརྟན་ཐོག་ཡར་འཕེལ་བྱུང་བ།

2019-01-23 སངས་སྐྱབས་ཀྱིས་བསྒྲིགས།
            ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར་རང་ལྗོངས་ཀྱི་ལས་ཞུགས་གནས་ཚུལ་བརྟན་ཐོག་ཡར་འཕེལ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.4ལས་ཞུགས་གསར་འཕར་བྱུང་བ་དང་། ལས་ཤོར་ཐོ་འགོད་བྱེད་ཚད་2.83%ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མེད་པའི་ཁྱིམ་ཚང་ཡོངས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་། ཞིང་འབྲོག་པ་ཁྲི་56དང་མི་ཐེངས་ཁྲི་102ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་27བྱུང་བ། ཞིང་འབྲོག་པ་ཁྲི་6.2ལ་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་བྱས་པ་དང་མི་འབོར་དབུལ་པོ་ཁྲི་6.67ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་བབ་སྒོར་དུང་ཕྱུར་7.3བྱུང་བ། ལོ་དེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་མིང་དངོས་བཀོད་པའི་ལམ་ལུགས་ཀྱི་ལས་ཞུགས་བྱེད་ཚད་86.01%ཟིན་པ་བཅས་རེད།
            ལོ་གཅིག་རིང་། ལས་ཞུགས་དཀའ་བའི་གནས་ཚུལ་ལ་ཁ་གཏད་གཅོག་སྐབས་རང་ལྗོངས་ཀྱི་རིམ་པ་ཁག་གི་མི་སྤྱི་སྡེ་ཚན་གྱིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བདེ་བླག་ངང་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། གཞུང་གི་ལས་གནས་སུ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། རང་བརྟེན་ལས་གཏོད་བཅས“ཕྱོགས་མང་གཞི་གཅིག”གི་ཕྱོགས་བསྡུས་ལས་ཞུགས་ལས་སྟེགས་བདེ་བླག་ངང་བསྐྲུན་ཡོད། རིམ་རྩིས་བྱས་ན་ཁྲོམ་རའི་ལས་ཞུགས་ལས་གནས་ཁྲི་8ཙམ་འཚོལ་བསྡུ་བྱས་པ་དང་། གདན་ཞུའི་འདུ་ཚོགས་སྣ་ཚོགས་ཐེངས་243འཚོགས་པ།  ལོ་འདི་ག་སློབ་ཐོན་སློབ་མ་ཁྲི་1.02ཁྲོམ་རར་ལས་ཞུགས་ཐུབ་པ་དེས་ལས་ཞུགས་མི་གྲངས་ཀྱི་56.39%བཟུང་བ་དང་། ལྗོངས་ཕྱིར་མི་1680ལས་ཞུགས་ཐུབ་པ་དེས་9.27%བཟུང་བ། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཁྲོམ་ར་དང་ནང་སར་ལས་ཞུགས་བྱེད་པའི་ཐབས་ལམ་དེ་བས་སྟབས་བདེ་བ་དང་དེ་བས་བརྟན་པོ་བྱུང་བ་རེད། དུས་མཚུངས་ལྗོངས་ཡོངས་སུ་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་མིང་ངོ་མ་ཐོ་འགོད་ལམ་ལུགས་ཀྱི་ཐོ་འགོད་ལས་དོན་ལག་ལེན་ཐོག་མར་བསྟར་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཚང་མའི་ལས་ཞུགས་ཆ་འཕྲིན་རྩད་གཅོད་དང་། ཁུངས་འདེད། རྗེས་སྙེགས་བཅས་ཐུབ་པ་རེད།
            2018ལོར། རང་ལྗོངས་ཀྱི་རིམ་པ་ཁག་གི་མི་སྤྱི་སྡེ་ཚན་གྱིས་འགན་ནུས་གང་ལེགས་འདོན་སྤེལ་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་དང་གཙོ་གནད་ཀྱི་མི་འབོར་དབུལ་པོ་གཙོ་བོར་བཟུང་ནས་དེ་བས་གནད་སྨིན་གྱི་དབུལ་སྐྱོར་བྱ་ཐབས་ལག་ལེན་བསྟར་ནས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་གཞན་སྒྱུར་ལས་ཞུགས་མི་གྲངས་དང་རྩལ་ནུས་གསོ་སྦྱོང་གི་མི་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ལས་ཞུགས་མེད་པའི་ཁྱིམ་ཚང་དབུལ་པོར་ཉུང་མཐར་ཡང་མི་1ལས་ཞུགས་ཐུབ་པ་དང་ལས་ཞུགས་བྱེད་འདོད་པའི་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མ་2548ཚང་མ་ལས་ཞུགས་བརྟན་པོ་ཐུབ་ཡོད། མི་སྤྱིའི་དབུལ་སྐྱོར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་ཞིབ་དཔྱད་ཀྱི་མདུན་གྲལ་དུ་སླེབས་ཡོད་པས། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་། ཆབ་སྲིད་ཀྱི་འགན་འཁྲི། དམངས་འཚོའི་འགན་འཁྲི་བཅས་ནུས་ལྡན་ཁུར་ཡོད་པ་རེད།
            གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་5ལས་ཞུགས་གསར་འཕར་ཡོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱས་ནས་ཞིང་འབྲོག་པ་ཁྲི་5.5ལ་རྩལ་ནུས་གསོ་སྦྱོང་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི་55དང་མི་ཐེངས་ཁྲི་100གཞན་སྒྱུར་བྱས་ཏེ་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར་25ཐོབ་པ། མི་འབོར་དབུལ་པོ་ཁྲི་1.3ལས་ཞུགས་གཞན་སྒྱུར་ཐུབ་པ། ལོ་དེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་མིང་ངོ་མ་ཐོ་འགོད་ལམ་ལུགས་ཀྱི་ལས་ཞུགས་བྱེད་ཚད་80%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་བྱ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག