ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཨན་ཀོང་རེན་དགོན་གྱིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་གནང་པ།

2019-03-20 བཀྲ་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གངས་ལྷགས་འཁྱགས་པའི་བསྡམས་པའི་ཡུལ་ཤུལ་དུ། ལག་གདང་སྦྲེལ་ནས་བརྩེ་སེམས་དྲོལ་ཁོལ་བསྐྱལ། 2018ལོའི་ལོ་མཇུག་ནས་ད་བར་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ཁག་ལྔ་ལ་བསྟུད་མར་གངས་སྐྱོན་གྱི་གནོད་སྐྱོན་ཐེབས་ནས་ས་ཆ་མང་པོར་ལོ་མང་རིང་བྱུང་མྱོང་མེད་པའི་གངས་སྐྱོན་གྱི་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་གནོད་འཚེ་ཤིན་ཏུ་དྲག་པོ་ཐེབས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་ཁ་ཚབས་ཆེན་བཟོས་ཡོད་པ་རེད།
             དེར་དམིགས་ནས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འབོད་སྐུལ་དང་ལེན་གང་ལེགས་གནང་སྟེ། ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཟམ་ལྟ་བུའི་ནུས་པ་སྔར་ལས་ཀྱང་རང་རྟོགས་སྒོས་འདོན་སྤེལ་བྱས་ཤིང་། རྒྱ་ཆེའི་ཆོས་ལུགས་ཚོགས་ཁག་དང་ཆོས་ལུགས་ལས་རིགས་མི་སྣར་འབོད་སྐུལ་དང་སྐུལ་སློང་བྱས་ནས། ནང་བསྟན་གྱིས་སེམས་ཅན་བདེ་བར་འཁོད་པ་དང་། སྙིང་རྗེ་དགེ་སྒྲུབ་བཅས་ཀྱི་ཐུགས་དགོངས་འདོན་སྤེལ་གྱིས་གངས་འགོག་གནོད་སེལ་གྱི་ལས་དོན་ནང་ཞུགས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གངས་འགོག་གནོད་སེལ་ལས་དོན་ལ་རྒྱལ་ཁ་ལོན་པར་བྱས་རྗེས་དང་མིག་དཔེ་བསྟན་ཡོད་པ་རེད།
             ཞི་ཨན་ཀོང་རེན་དགོན་གྱི་མཁན་པོ། ཞི་ཨན་ཀོང་རེན་དགོན་གྱི་དགེ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ། ཧྲའན་ཞི་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རིན་ཆེན་བཀྲ་བསོད་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། འཕྲལ་མར་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་ཆེད་དུ་ནང་སོག་ཧུའུ་ལུན་པེར་རྩྭ་ཐང་དུ་བསྐྱོད་ནས་སྤུས་ལེགས་གཟན་རྩྭ་རླངས་འཁོར5འདེམ་ཉོ་བྱས་ཤིང་། ལམ་ཐག་སྤྱི་ལེ4800ལྷག་ལ་རྒྱང་བཞུད་བྱས་ནས་གནོད་ཁུལ་དུ་འབྱོར་པ་དང་།  ཟླ3པའི་ཚེས13ཉིན། རིན་ཆེན་བཀྲ་བསོད་སྐུ་དངོས་སུ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས་རིན་སྒོར་ཁྲི30ཡི་རྒུད་སྐྱོབ་དངོས་རྫས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ལ་རྩིས་སྤྲོད་གནང་པ་མ་ཟད་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་སློབ་གྲྭར་ཞལ་འདེབས་དངོས་ཟོག་རྩིས་ལེན་བྱེད་པའི་མཛད་སྒོ་འཚོགས་པ་རེད།
མཛད་སྒོའི་ཡུལ་དངོས།
             ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཞི་ཨན་ཀོང་རེན་དགོན་དང་རིན་ཆེན་བཀྲ་བསོད་ཀྱིས་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱས་ཐོག་ཡུལ་ཤུལ་དུ་གངས་འགོག་གནོད་སེལ་གྱི་ལས་དོན་ནང་ཞུགས་པ་དང་། གནོད་འཚེ་ཐེབས་པའི་ས་ཁུལ་གྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པར་ལྷག་བསམ་རྣམ་དག་སྒོས་ཐུགས་རྗེ་ལེགས་འབུལ་གནང་པ་མ་ཟད་འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་ལ་འབྲེལ་འདྲིས་བརྒྱུད། གནོད་འཚེ་ཐེབས་པ་ལྟར་ཞལ་འདེབས་དངོས་རྫས་དུས་ཐོག་ཏུ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་རྩིས་སྤྲོད་གནང་ནས་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་མང་ཚོགས་ཚོར་ཆོས་ལུགས་ལས་རིགས་ནས་ཡོང་བའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བསྟན།
མཛད་སྒོའི་ཡུལ་དངོས།
             ཟླ3པའི་ཚེས14ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ནི་གངས་འགོག་གནོད་སེལ་གྱི་ལས་དོན་ནང་ཧུར་ཐག་སྒོས་ཞུགས་ཏེ། དད་ལྡན་མང་ཚོགས་ལ་ཡང་དག་པའི་བསམ་བློའི་སློབ་གསོ་དང་ཁྲིད་སྟོན་ལེགས་པར་བསྒྲུབས་པ་མ་ཟད་མང་ཚོགས་ཀྱིས་རང་སྐྱོབ་ཧུར་ཐག་བྱེད་པར་སྣེ་ཁྲིད་གནང་པ་དང་། དུས་མཚུངས་སུ་གནོད་འཚེ་ཐེབས་པའི་ས་ཁུལ་ལ་དངོས་ཟོག་གི་ཞལ་འདེབས་ཕུལ་ནས་གནོད་འཚེ་ཕོག་ཁུལ་དང་དཀའ་གནད་མཉམ་སྒྲོལ་ལ་རྒྱབ་སྐྱོར་གནང་ནས་ཏང་དང་སྲིད་གཞུང་ལ་སེམས་ཁྲལ་སེལ་རོགས་དང་མི་དམངས་མང་ཚོགས་ལ་དཀའ་གནད་སེལ་བ་དོན་དངོས་སྒྲུབ་ཅིང་། རང་གི་སྤྱོད་ལམ་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ལྷིང་འཇགས་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གནང་པ་རེད།
             རིན་ཆེན་བཀྲ་བསོད་ཀྱིས། ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བཟུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྱི་ཕན་སྙིང་སྟོབས་དར་སྤེལ་བྱེད་རྒྱུ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཕུགས་བསམ་ལྡན་མཁན་དག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། རྒྱལ་ཁབ་དར་རྒྱས།མེས་རྒྱལ་གོང་བུ་གཅིག་གྱུར་ཆེད་ནུས་པ་ཇ་ཡོད་འདོན་རྒྱུ་ཡིན་ཞེས་བསྟན།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག