ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནས་སྐྱེ་ཁམས་ཐོན་ལས་ཀྱི་གཞི་གྲངས་ཆེན་པོའི་སྤྱི་སྟེགས་བཙུགས་ནས་སྐྱེ་ཁམས་དབུལ་སྒྲོལ་ལ་འབད་པ།

2019-03-21 འབྲུག་རྒྱལ་མཁར་གྱིས་བསྒྱུར།
ས་གནས་མང་ཚོགས་ཀྱིས་གསོ་སྤེལ་གནས་གཞིར་མྱུ་གུ་གསོ་བཞིན་པ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་19ཉིན་ལ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་རྩི་ཤིང་སོན་མྱུག་གསོ་སྤེལ་གནས་གཞི་རུ། ས་དེའི་བོད་ཀྱི་སྐྱེས་མ་དག་གིས་མྱུ་གུ་གསོ་ཞོར་དུ་རྐང་བས་རྡོག་སྒྲ་རྡུང་ཞིང་། སྤྲོ་བས་ཁེངས་པའི་རྣམ་པས་ལས་རོགས་དེ་ལས་མང་བར་ཤུགས་རྐྱེན་ཐེབས་བཞིན་ཡོད།
            ཁོ་མོ་ཚོ་ནི་ས་དེའི་གྲོང་མི་ཡིན་ལ། རང་གི་ཞིང་ས་ཚང་མ་ཞིང་ས་སྐོར་གདབ་བྱས་ཏེ་བོགས་དངུལ་ལེན་པ་དང་མཉམ་དུ། གསོ་སྤེལ་གནས་གཞིར་ལས་ཀར་ཞུགས་ཏེ་དངུལ་འཚོལ་བ་རེད། རྒྱུས་ལོན་བྱས་པ་ལྟར་ན་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནི་གཙོ་གནད་སྐྱེ་ཁམས་དབུལ་སྒྲོལ་ས་ཁུལ་གྱི་གྲས་ཤིག་ཡིན་ཏེ། ལྷོ་ཁ་གྲོང་ཁྱེར་དང་བོད་རྩྭ་ཚོགས་ཁག་དབར་ལ་སྐྱེ་ཁམས་དབུལ་སྒྲོལ་འཐབ་ཇུས་ཀྱི་གྲོས་ཆོད་བཞག་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་ལ་བརྟེན་ནས་སྔོ་ལྗང་དབུལ་སྒྲོལ་གྱི་འགག་འཐབ་ཇུས་གཞི་དེ་གངས་ལྗོངས་ཀྱི་ཆེས་མཇུག་མཐའི་སྤྱི་ལེ་གཅིག་གི་མཚམས་སུ་སྐྱེལ་རྒྱུ་རེད།
གསོ་སྤེལ་གནས་གཞི།
            རྣམ་གྲངས་འདིའི་ཁེབས་ཚད་མུའུ་8200ཡིན་ལ། ལྟེ་བའི་ཁུལ་ཆེན་པོ་གསུམ་དུ་བགོས་ཡོད་དེ། ཚན་རྩལ་དབུལ་སྐྱོར་སོན་མྱུག་ཞིབ་འཇུག་ཁུལ་དང་ཚན་རྩལ་དབུལ་སྐྱོར་སོན་མྱུག་དཔེ་སྟོན་ཁུལ། སྐྱེ་ཁམས་སླར་གསོ་དཔེ་སྟོན་ཁུལ་བཅས་གསུམ་མོ།།
            བོད་རྩྭ་ཚོགས་ཁག་གིས་གནས་གཅིག་གི་རྩི་ཤིང་བཏུལ་ཏེ་གནས་གཅིག་གི་སྐྱེ་ཁམས་གསོ་ཞེས་པའི་དགོངས་དོན་མཐའ་འཁྱོལ་བྱས་པ་ཡིན་ཏེ། ཞིབ་འཇུག་གླིང་བཙུགས་ནས་བོད་ཡུལ་དུ་སྐྱེ་བར་འཚམས་པའི་རྩི་ཤིང་འདུལ་སྦྱོང་བྱེད་པ་དང་ས་དེའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་བཞིན་ཡོད། མིག་སྔར་ཞིབ་འཇུག་གླིང་དེས་ས་དེའི་ཡུལ་སྐྱེ་རྩི་ཤིང་དང་ས་རྒྱུ། ཆུ་སྤུས་བཅས་རྨང་གཞིའི་ཆ་འཕྲིན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་མཉམ་དུ་རང་སའི་རྩི་ཤིང་ལ་སོན་འགུགས་འདུལ་སྦྱོང་བྱས་ཏེ། དེའི་གཉན་འགོག་རང་བཞིན་དང་འཕྲོད་པའི་རང་བཞིན་ཇེ་དྲག་ཏུ་བཏང་ནས་སྐྱེ་ཁམས་སླར་གསོ་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། 
གསོ་སྤེལ་གནས་གཞིར་ཉར་ཚགས་བྱས་པའི་རྩི་ཤིང་གི་དངོས་དཔེ།
            ཚན་རྩལ་གྱི་རྒྱབ་རྟེན་འོག་ས་དེའི་གྲོང་མིས་ཀྱང་ཤེད་ཤུགས་ཅན་དེ་ལག་རྩལ་ཅན་དུ་བསྒྱུར་ནས་རྣམ་གྲངས་ཧྲིལ་པོའི་འཕེལ་རྒྱས་ནང་དུ་ཞུགས་པ་དང་། ཁེ་ལས+གནས་གཞི+ཞིང་དུད་ལྟ་བུའི་དཔལ་འབྱོར་འཕེལ་རྒྱས་བྱེད་ཐབས་གྲུབ་འདུག རྣམ་གྲངས་འདིའི་འབྲེལ་ཡོད་འགན་འཛིན་པས་བཤད་རྒྱུར། ང་ཚོས་རྩྭ་ཕྲན་ལས་གཞན་དང་མི་འདྲ་བའི་སྔོ་ལྗང་དབུལ་སྒྲོལ་ཇུས་གཞི་ཞིག་རྙེད་སོང་ཞེས་བརྗོད་ཆོག་ཟེར། 
            2018ལོར་གྲ་ནང་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་ཐོན་ལས་གཞི་གྲངས་ཆེན་པོའི་སྤྱི་སྟེགས་བསྒྲུབས་འདུག་ལ། གཞི་གྲངས་ཆེན་པོའི་སྟོབས་ཤུགས་ལ་བརྟེན་ནས་གནད་ཐོག་སྐྱེ་ཁམས་སླར་གསོ་མངོན་འགྱུར་ཡོང་བ་དང་། མ་འོངས་པར་བོད་ཡུལ་གྱི་ས་དང་། ཆུ། རླུང་། མི་དང་ཕྱུགས། རྩྭ་དང་སྐྱེ་དངོས་ཕྲ་མོ་སོགས་སྐྱེ་ཁམས་ཀྱི་གནད་འགག་གྲུབ་ཆའི་དམིགས་ཚད་གཞི་གྲངས་ཕྱོགས་བསྡུས་བྱས་ཏེ། གྲ་ནང་རྫོང་སྐྱེ་ཁམས་གཞི་གྲངས་ཅན་དུ་མངོན་འགྱུར་ཡོང་བ་དང་། ཚན་རིག་གི་གཞི་གྲངས་གསོག་འཇོག་དང་འདུས་གྲུབ་བརྟག་དཔྱད་བཀོལ་ནས། འབྱུང་འགྱུར་གྱི་སྐྱེ་ཁམས་སྒྲིག་འགོད་དང་སྐྱེ་ཁམས་སྲུང་སྐྱོབ་ལ་མཛུབ་སྟོན་ངོ་མ་བྱ་རྒྱུ་རེད།
གསོ་སྤེལ་གནས་གཞི།
            རི་སྔོན་པོ་དང་ཆུ་དྭངས་མོ་ནི་གསེར་རི་དང་དངུལ་རི་ཡིན་ཞེས་པའི་དགོངས་དོན་ལྟར། གྲ་ནང་རྫོང་གིས་མུ་མཐུད་ནས་རང་སའི་རྩི་ཤིང་གི་ཚན་རིག་ཞིབ་འཇུག་སྤེལ་རྒྱུ་ཡིན་ལ། སྔོ་ལྗང་འཕེལ་རྒྱས་སྐུལ་འདེད་བཏང་ནས་ཆུ་དྭངས་མོ་དང་གནམ་སྔོན་པོ་བསྐྲུན་པ་དང་། ཁ་ཡོད་ལག་ཡོད་ཀྱིས་ཞིང་འབྲོག་མང་ཚོགས་ལ་རང་ས་རང་ཡུལ་དང་མ་འབྲལ་བར་ཡོང་འབབ་ཇེ་མང་དུ་འགྲོ་བའི་ཕུགས་འདུན་བཟང་པོ་མངོན་དུ་འགྱུར་བར་བྱ་རྒྱུ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག