ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྣམ་པ་གསར་པའི་གྲོང་རྡལ་ཆུང་གྲས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་།

2019-03-22 བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3ཚེས20ཉིན། གསར་འགོད་པ་“བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་”ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པ་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་མཐའ་མཚམས་གྲོང་རྡལ་ཆུང་གྲས་གྲགས་ཅན་སླད་ཤང་ལ་བཅར་འདྲིར་བསྐྱོད།
           སླད་ཤང་གི་མིང་ཆ་ཚང་ལ་སླད་མོན་པ་མི་རིགས་ཤང་ཟེར།མཚོ་སྣ་རྫོང་གི་ལྷོ་ནུབ་རྒྱུད་དུ་ཡོད། རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་ཆགས་པས་ཧིན་རྡུ་རྒྱ་མཚོའི་དྲོད་བཤེར་གྱིས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་རྩི་ཤིང་ཕུན་སུམ་ཚོགས་པ་སྐྱེས་ཡོད། སླད་ཤང་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་མོན་པ་རིགས་འདུས་སྡོད་བྱེད་གནས་གཙོ་བོའི་གྲས་ཤིག་ཡིན་ལ། བོད་ལྗོངས་གྱིས་ཁག་དང་པོར་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་གསར་པ་20འཛུགས་བསྐྲུན་བྱས་པའི་རྣམ་གྲངས་གྲས་ཤིག་རེད།
           སླད་ཤང་དུ་སླེབས་དུས། རྩི་ཤིང་སྣ་ཚོགས་ཀྱིས་ཡངས་པའི་ས་གཞི་ཁེབས་ལ་ཆུ་བོ་ལྷུང་ལྷུང་དུ་འབབ། མི་ཕྱུགས་ཀྱི་འཕེལ་ཁ་དར་ཞིང་བྱ་དང་བྱེའུས་སྐད་སྙན་སྒྲོག རྣམ་གྲངས་ལག་བསྟར་འགོ་ཚུགས་དུས་སླད་ཤང་གིས་ལུགས་མཐུན་གྱིས་ནུས་པ་གཙོ་བོ་གསུམ་འཆར་འགོད་བྱས་པ་སྟེ། སྲིད་དོན་ཞབས་ཞུ་ལྟེ་གནས་དང་སྡོད་དམངས་ཁུལ། ཚོང་དོན་ཁུལ་བཅས་སོ། །གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.05བཏང་། 2017ལོའི་ཟླ་12པར་ལས་མཇུག་སྒྲིལ་ཏེ་བཀོལ་སྤྱོད་བྱས་པ་དང་། 2018ལོའི་ཟླ་2པར་གནས་སྤོའི་མཛད་སྒོ་འཚོགས་པ་རེད།
སླད་ཤང་གི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་ཚོང་ལས་ཁུལ།
           ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་གྱི་གོ་རིམ་ཁྲོད། སླད་ཤང་མང་ཚོགས་ཀྱིས་རང་གྲབས་མ་དངུལ་སྒོར་ཁྲི་670བསྡུས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་“སྒུག་བརྟེན་སློང་གསུམ་”གྱི་བསམ་བློའི་རྒྱ་ལས་གྲོལ། རྣམ་པ་གསར་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་བསྐྲུན་པས་སླད་ཤང་གི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་བ་དང་། ཞབས་ཞུའི་ནུས་པ་སྔར་བས་ཆ་ཚང་། མི་རིགས་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པར་ཕྱིན་ཡོད། སྲིད་གཞུང་གིས་ད་དུང་མང་ཚོགས་རྣམས་ཐོན་ལས་གསུམ་པར་ཞུགས་པར་སྐུལ་སློང་ཧུར་ཐག་བྱས། མིག་སྔར་ཞིང་པའི་སྤྲོ་སྐྱིད་ཁང་22ཚོང་གཉེར་བྱས་པ་དང་ཕན་འབྲས་མངོན་གསལ་བླངས་ཡོད།
           ད་ལོ་ལོ་62ལ་སླེབས་པའི་གུ་རུ་ནི་གྲོང་ཚོ་ཕྱུག་འགྱུར་གྱི་“སྣེ་ཁྲིད་པ་”ཡིན་ལ། གྲོང་ཚོའི་ནང་ཚོང་གཉེར་མཁན་ཐོག་མ་ཡིན། ཁོས་གཉེར་པའི་ལྷ་གྲོང་ཡུལ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ནི་ཤང་ནང་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཐོག་མ་ཡིན། ཡུལ་སྐོར་བ་མང་དུས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་ཐུབ། གུ་རུས་བརྗོད་རྒྱུར། “སླད་ཤང་གི་འགྱུར་ལྡོག་ཧ་ཅང་ཆེ། ང་ཚོའི་འཚོ་བ་ཡང་སྔར་བས་བདེ་སྐྱིད་ལྡན་པ་དང་། མི་དེ་བས་མང་པོ་ས་འདིར་ལྟད་མོ་ཕེབས་པར་སྨོན།”
གུ་རུས་གཉེར་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་།
           སླད་ཤང་ནི་རོང་མ་འབྲོག་གི་ཤང་ཞིག་ཡིན། གཙོ་བོ་ཇ་ལོ་འདེབས་འཛུགས་དང་ལས་སྣོན་བྱེད། ཡུལ་ཁམས་ཡོངས་སུ་རྩི་ཤིང་གིས་ཁེབས་ལ་སྐྱེ་དངོས་ཀྱི་རིགས་ཕུན་སུམ་ཚོགས་པོ་ཡོད། གནམ་གཤིས་འཇམ་ལ་སྲིན་མོ་བྲག་སོགས་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་ཁུལ་མང་པོ་ཡོད། ཡུལ་སྐོར་ལས་རིགས་དང་ཇ་ལོའི་ཐོན་ལས་ནི་ཤང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་“ཤིང་རྟ་གཤིབ་མ་”ཡིན། ན་ནིང་ཤང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་སྒོར་ཁྲི་36ཟིན། ཇ་ལོའི་ས་ཞིང་རྒྱ་ཁྱོན་བསྡོམས་འབོར་མུའུ་693ཡོད། ཡོང་འབབ་སྒོར་ཁྲི་242.6ཟིན། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.89ལ་སླེབས།
           ཡུལ་ཁོངས་སུ་ད་དུང་མོན་པའི་རིག་གནས་ཕུན་སུམ་ཚོགས་པོ་ཡོད། མིང་དུ་གྲགས་པའི་མོན་པའི་ཟློས་གར་ཨ་ཅེ་ལྷ་མོ་དང་ས་དམར་ཆང་གཞས། མོན་པ་རིགས་ཀྱི་གྱོན་གོས། མོན་པའི་ཤིང་ཕོར་སོགས་ཡོད། དེ་ལས་མོན་པའི་ཟློས་གར་ཨ་ཅེ་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་ཡོད།
           སླད་ཤང་གི་མི་སེར་གྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་འཚོ་བ་ཡག་པོ། མཐའ་མཚམས་སྲུང་རྒྱུ་ནི་སླད་ཤང་གི་མི་རེ་རེའི་བབ་ཆགས་པའི་བསམ་འདུན་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག