ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་།

2019-03-25
ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རོ་མ་ནས་དབྱི་ཐ་ལིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ཁཱ་སའེ་ལ་ཏེ་ལ་མཇལ་འཕྲད་གནང་།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་དུས་ཚོད་ཚེས་ཉེར་གཉིས་ཉིན་རོ་མ་ནས་དབྱི་ཐ་ལིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ཁཱ་སའེ་ལ་ཏེ་ལ་མཇལ་འཕྲད་གནང་།
           ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལིའི་སྲོལ་རྒྱུན་མཛའ་བརྩེ་བརྟན་ཞིང་། གནའ་བོའི་དར་གོས་ཚོང་ལམ་གྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་སྦྲེལ་མཐུད་དམ་ཟབ་བྱས་ཡོད། ཀྲུང་གོ་དང་དབྱི་ཐ་ལིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུའི་ནང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་སོང་བ་དང་། རྒྱལ་ཁབ་གཉིས་ཀ་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པའི་གྲོགས་པོ་གལ་ཆེན་དུ་གྱུར། ངས་ཐེངས་འདིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་ཡུན་རིང་རང་བཞིན་དང་གཏན་འཇགས་རང་བཞིན། འཐབ་ཇུས་རང་བཞིན་སྲ་བརྟན་དུ་བཏང་སྟེ། གཉིས་ཕན་མཉམ་ལས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་བར་གྱི་མཐོ་རིམ་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་པ། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ། ཕྱོགས་གསུམ་པའི་མཉམ་ལས་རྒྱ་སྐྱེད་པ། རིག་གནས་བརྗེ་རེས་དང་ས་གནས་མཉམ་ལས་དམ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།
           ཁཱ་སའེ་ལ་ཏེ་ཡིས་བསྟན་དོན། དབྱི་ཐ་ལིའི་གྲོས་ཞུགས་ཁང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་མཛད་པར་དགའ་བསུ་བྱེད་བཞིན་ཡོད། དབྱི་ཐ་ལི་དང་ཀྲུང་གོ་གཉིས་ཀྱི་མི་དམངས་ཀྱིས་དུས་ཡུན་རིང་བོར་ཕན་ཚུན་ལ་ཡིད་ཆེས་དང་མཛའ་བརྩེ་ཟབ་མོ་རྒྱུན་འཁྱོངས་བྱས་ལ། དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་དམ་ཟབ་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤེལ་བའི་རྩོམ་ཡིག་ནང་གི་རྒྱལ་ཁབ་གཉིས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་མཛའ་བརྩེ་འགྲོ་འོང་ཐད་ཀྱི་གདེང་འཇོག་ལ་ང་ཧ་ཅང་འཐད་པ་ཡིན། དབྱི་ཐ་ལི་དང་ཀྲུང་གོ་གཉིས་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་ལ། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་རིག་གནས་དང་སྒྱུ་རྩལ། སྐད་ཆ། ཤུལ་བཞག་སྲུང་སྐྱོབ། གནས་སྐོར། ཚན་རྩལ། གསར་གཏོད་སོགས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ན་གཞོན་བར་གྱི་འགྲོ་འོང་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་འདོད་ཡོད། དབྱི་ཐ་ལི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད། དབྱི་ཐ་ལི་དང་ཀྲུང་གོའི་དུས་རབས་ཕྱེད་ཀའི་འགྲོ་འོང་ལོ་རྒྱུས་ནི་དུས་རབས་ཕྱེད་ཀའི་གྲོས་མོལ་དང་མཛའ་བརྩེའི་ལོ་རྒྱུས་ཡིན། དབྱི་ཐ་ལི་གྲོས་ཞུགས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ། དབྱི་ཐ་ལི་དང་ཀྲུང་གོའི་མཛའ་བརྩེ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག