ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དབྱི་ཐ་ལིས་ཀྲུང་གོའི་རིག་དངོས་༧༩༦ཕྱིར་སྤྲོད་གནང་བ།

2019-03-25 བྱམས་པ་ཚེ་རིང་།
            ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་༣པའི་ཚེས་༢༣ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་ཐ་ལིའི་ཙུང་ལི་ཁུང་སྡེས་མཉམ་དུ་དཔང་པོ་གནང་བའི་འོག་ཏུ་དབྱི་ཐ་ལིས་ཀྲུང་གོའི་རིག་དངོས་༧༩༦ཕྱིར་སྤྲོད་བྱས་ཡོད། འདི་ནི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཀྲུང་གོའི་རིག་དངོས་ཕྱིར་སྤྲོད་བྱེད་མང་ཤོས་ཡིན་པ་རེད།
            ཉིན་དེར། ཀྲུང་གོ་དང་དབྱི་ཐ་ལི་གཉིས་པོས་དབྱི་ཐ་ལིའི་རོ་མར་ཀྲུང་གོའི་བོར་བརླག་སོང་བའི་རིག་དངོས་ཕྱིར་སྤྲོད་དཔང་ཡིག་ལ་མིང་རྟགས་བཀོད་ཡོད། རིག་དངོས་༧༩༦དེ་དག་གཙོ་བོ་རང་རྒྱལ་གྱི་ཧྲའན་ཤི་དང་ཧྲན་ཤི། ཧོ་ནན། ཅང་སུའུ་སོགས་ས་ཁུལ་ནས་ཐོན་པའི་རྒྱུན་གནས་རིག་དངོས་ཡིན་པ་དང་། དུས་རབས་ཀྱི་བརྒལ་མཚམས་ཀྱང་རྡོ་ཆས་གསར་མའི་དུས་རབས་ནས་མིང་ཆིང་རྒྱལ་རབས་དང་མིན་གོ་དུས་སྐབས་བར་ཡིན་པ་དང་རིག་དངོས་དེ་དག་ལ་ལོ་རྒྱུས་དང་རིག་གནས། ཚན་རིག་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། དེའི་ཁྲོད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་མའི་དུས་ཀྱི་ཚོན་ལྡན་རྫ་ཆས་ཀྱིས་རྡོ་ཆས་གསར་མའི་དུས་རབས་ཀྱི་སྤྱི་ཚོགས་རྣམ་པར་ཞིབ་འཇུག་བྱ་རྒྱུར་ཐད་ཀའི་དངོས་པོའི་རྒྱུ་ཆ་མཁོ་འདོན་བྱེད་ཐུབ་ལ། ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན་གྱི་ནུབ་བྱང་ས་ཁུལ་གྱི་རྫ་བཟོའི་ལག་རྩལ་དང་འཚོ་བའི་རྣམ་པ་མངོན་ཐུབ། འབོར་ཚད་མང་བའི་ཧན་རྒྱལ་རབས་དང་ཐང་རྒྱལ་རབས། མིང་རྒྱལ་རབས་བཅས་ཀྱི་རྫ་བཟོས་གྱད་མི་ནི་དུས་རབས་དེའི་མི་རྣམས་ཀྱི་དངོས་པོ་དང་བསམ་པའི་འཚོ་བར་རྒྱུས་མངའ་བྱེད་པའི་དངོས་པོའི་དཔང་རྟགས་གལ་ཆེན་ཞིག་རེད་ལ། རིག་དངོས་དེ་དག་ནང་གནའ་བོའི་ཀྲུང་ཡོན་ས་ཁུལ་གྱི་མི་རིགས་སྤེལ་རེས་དང་བསམ་བློའི་དད་མོས་ཀྱི་ལོ་རྒྱུས་ཆ་འཕྲིན་མང་པོ་བསྡུས་ཡོད།
            སྤྱི་ལོ་༢༠༠༧ལོར། དབྱི་ཐ་ལིའི་རིག་དངོས་དམག་སྲིད་ཉེན་རྟོག་གིས་དབྱི་ཐ་ལིའི་རིག་དངོས་ཁྲོམ་རའི་ཐོག་ནས་བོར་བརླག་སོང་བའི་ཀྲུང་གོའི་རིག་དངོས་དང་འདྲ་བའི་རིག་དངོས་མང་པོ་ཞིག་རྩད་ཆོད་ཐུབ་ཡོད། ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུད་ཀྱིས་ལམ་སེང་རིག་དངོས་བདའ་འདེད་ཀྱི་ལས་དོན་བསྒྲུབས་ཡོད། ད་ལོའི་ལོ་སྟོད་ལ། དབྱི་ཐ་ལིའི་ཆེས་མཐོའི་ཁྲིམས་ཁང་གིས་མཐར་ཀྲུང་གོར་རིག་དངོས་༧༩༦ཕྱིར་སྤྲོད་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད། དུས་ཡུན་ལོ་ངོ་བཅུ་གཉིས་ཀྱི་བདའ་འདེད་ཚུར་ལེན་བྱས་པ་བརྒྱུད་རིག་དངོས་དེ་དག་ད་གཟོད་གཞི་ནས་མེས་རྒྱལ་གྱི་པང་དུ་ལོག་རྒྱུ་བྱུང་ཡོད།
            ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུད་བཤམས་མཛོད་ཁང་སིའི་སྤྱི་ཚོགས་རིག་དངོས་ཁྲུའུ་ཡི་ཁྲུའུ་ཀྲང་ཝུ་མིན་གྱིས་གཙོ་བོ་དེ་ནི་ཁྲིམས་འཛིན་མཉམ་ལས་ཀྱི་ཐབས་ལམ་ཐོག་ནས་བརྐུ་སྔོག་བྱས་པའི་རིག་དངོས་དེ་དག་ཕྱིར་སྤྲོད་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད། ང་ཚོས་ལམ་སེང་དབྱི་ཐ་ལིའི་རིག་དངོས་དམག་སྲིད་ཉེན་རྟོག་པ་དང་སྦྲེལ་མཐུད་བྱས་ཏེ་རིག་གནས་དབོར་འདྲེན་གྱི་འབྲེལ་ཡོད་ལས་དོན་འགོ་འཛུགས་རྒྱུ་ཡིན་ཞེས་གསུངས་ཡོད།
            ཀྲུང་གོ་དང་དབྱི་ཐ་ལི་གཉིས་པོ་ནི་གནའ་བོའི་དར་གོས་ལམ་བུའི་སྣེ་གཉིས་སུ་གནས་ཡོད་པ་དང་། ཤར་ནུབ་ཤེས་དཔལ་གྱི་རླབས་ཆེའི་འཐུས་མི་ཡིན། ཤེས་དཔལ་རྒྱུད་འཛིན་ལ་མཐོང་ཆེན་བྱེད་པ་དེ་ནི་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཡུན་གནས་ཡོང་བའི་རྩ་བ་དེ་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག