ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་སའི་གོང་དཀར་གནམ་གྲུ་ཐང་འགག་སྒོས་མངའ་ཁུལ་གྱི་ཟས་རིགས་ཐོན་སྐྱེད་དང་ལས་སྣོན་སྡེ་ཚན་ལ་ཆེད་དམིགས་ཞིབ་བཤེར་བྱས།

2019-05-08 པདྨ་ཚེ་རིང་གིས་བསྒྱུར།
            གཏམ་དཔེ་ལའང་“དམངས་ནི་ཟས་ལ་བརྟེན། ཟས་ནི་བདེ་འཇགས་གཙོ”ཞེས་པ་ལྟར། ཟས་རིགས་ཀྱི་བདེ་འཇགས་ནི་མི་ཚང་མའི་བདེ་ཐང་ལ་འབྲེལ་བ་དམ་པོ་ཡོད་པ་དང་། མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ཞིག་ཀྱང་རེད།
            བོད་ལྗོངས་མཁའ་འགྲུལ་གྱི་བྱ་གཞག་འཕེལ་རྒྱས་བར་མེད་བྱུང་བ་དང་བསྟུན་ནས།  2018ལོར་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་ཅུས་ཀྱི་ཡུལ་སྐོར་བ་ཕར་ཚུར་སྐྱེལ་འདྲེན་བྱེད་ཚད་ཐེངས་དང་པོར་མིའི་ཐེངས་གྲངས་ཁྲི་530ལས་བརྒལ་བ་དང་། དེའི་ནང་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མིའི་ཐེངས་གྲངས་ཁྲི་435ལ་སླེབས། དེ་བས་ལྷ་སའི་གོང་དཀར་མཁའ་འགྲུལ་འགག་སྒོའི་ཟས་རིགས་བདེ་འཇགས་ལ་དམ་འཛིན་ལེགས་པོ་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དང་དེ་བཞིན་གནམ་གྲུ་འབབ་ཐང་གི་ལས་བྱེད་མི་སྣའི་བཟའ་བཏུང་བདེ་འཇགས་འགན་སྲུང་བྱ་བ་ནི། ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་འགག་སྒོའི་འཕྲོད་བསྟེན་ལྟ་སྐུལ་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་གྱུར་ཡོད། 
            ཟླ་5པའི་ཚེས་7ཉིན། ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་ལྷ་སའི་གོང་དཀར་མཁའ་སྐྱོད་འགག་སྒོའི་མངའ་ཁུལ་གྱི་ཟས་རིགས་ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་སྡེ་ཚན་བཅས་ལ་ཆེད་དམིགས་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱེད་པའི་ནང་དོན་དུ་ཁེ་ལས་ཆོག་འཐུས་དོ་དམ་དང་ཡིག་ཚགས་དོ་དམ། ཟས་རིགས་འཕྲོད་བསྟེན་དང་བདེ་འཇགས་དོ་དམ། ཚོང་གཉེར་ཁོར་ཡུག་འཕྲོད་བསྟེན། སྒྲིག་ཆས་སྒྲིག་བཀོད་དུག་སེལ་སྲུང་སྐྱོང་། ཉོ་སྒྲུབ་ཞིབ་བཤེར་རྩིས་ལེན་རྩིས་ཁྲ། མཛོད་ཁང་དོ་དམ། ནད་རྟེན་སྐྱེ་དངོས་ཚོད་འཛིན་སོགས་འདུ་བ་མ་ཟད། ཟས་རིགས་ལ་ཞིང་སྨན་ལྷག་ལུས་ཡོད་མེད་དང་ལྕགས་རིགས་ལྗིད་གྲས་ཚད་བརྒལ་སོགས་ཀྱི་གནད་དོན་ཐད་ལ་མགྱོགས་མྱུར་བརྟག་དཔྱད་ཚད་ལེན་བྱས།  
            ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་དུས་མགོའི་རྟོག་དཔྱོད་ལས་ཀ་གནང་བ་བརྒྱུད། ལྟ་སྐུལ་བྱེད་པའི་གཙོ་གནད་དེ་མང་ཚོགས་ཀྱི་དོ་ཁུར་ཆེན་པོ་བགྱི་བའི་སིལ་ཏོག་དང་འབྲུ་རིགས་ཀྱི་ཞིང་སྨན་ལྷག་ལུས། ལྕགས་རིགས་ལྗིད་གྲས་དམིགས་ཚད་ལས་བརྒལ་བ། ཟས་རིགས་རྫུན་མ་བསྲེས་ནས་རྫུན་བཟོ་བྱེད་པ། བཟའ་བཏུང་རྗེས་ཀྱི་འཕྲོད་བསྟེན་སོགས་ཀྱི་ལས་དོན་ཕྱོགས་སུ་བཟུང་བ་དང་། ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་འགག་སྒོ་ལས་ཁུངས་ཀྱི་མགོ་ཁྲིད་མཚམས་གཅོད་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། མིག་སྔའི་གནས་ཚུལ་ལ་གཞིགས་ཚེ། ལྷ་སའི་གོང་དཀར་མཁའ་སྐྱོད་འགག་སྒོའི་སྤྱིའི་འཕྲོད་བསྟེན་གནས་ཚུལ་བཟང་ཞིང་། སླར་ཕྱིན་ལས་ཀ་དེར་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ་དང་། དུས་ངེས་གཏན་མེད་པར་མངའ་ཁུལ་གྱི་ཁེ་ལས་ལ་ཞིབ་བཤེར་བྱས་ཏེ། ལྷ་སའི་གོང་དཀར་མཁའ་སྐྱོད་འགག་སྒོའི་བཟའ་བཏུང་བདེ་འཇགས་ཐད་ལ་གནད་དོན་མེད་པར་བྱ་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ལྟ་སྐུལ་དོ་དམ་སྟོབས་ཤུགས་རྣམས་རང་འགུལ་གྱིས་ལྟ་སྐུལ་འདི་རུ་ཞུགས་ནས་ཞུ་གཏུག་ཐེར་འདོན་ཁ་པར6283645འབྲེལ་བ་བྱེད་པར་རེ་བ་ཞུས། སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་བརྒྱུད་ནས། ལྷ་སའི་གོང་དཀར་མཁའ་སྐྱོད་འགག་སྒོ་དེ་ཟས་རིགས་བདེ་འཇགས་ཡིན་ལ་མི་སེམས་བདེ་བའི་འགག་སྒོ་ཞིག་ཏུ་འགྱུར་བར་སྐུལ་འདེད་བྱ་དགོས་པའི་རེ་འདུན་བཏོན་པ་རེད།
འབྲེལ་ཡོད་རྩོམ་ཡིག