ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཕོ་བྲང་པོ་ཏ་ལར་མེ་གསོད་རོགས་སྐྱོབ་དངོས་འཐབ་ཀྱི་སྦྱོང་བརྡར་སྤེལ་བ།

2019-05-09 པད་མ་རྒྱལ་གྱིས་བསྒྱུར།
           ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་དགོན་སྡེའི་རིག་དངོས་ཀྱི་གནའ་བོའི་ཨར་སྐྲུན་ལ་མེ་སྐྱོན་བྱུང་བར་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འཕྲལ་སྡོམ་མཉམ་འགུལ་སྡེ་ཁག་དང་མཉམ་སྡེབ་དམག་འཐབ་བྱེད་པའི་ལམ་སྲོལ་ལ་ཞིབ་བཤེར་བྱ་ཆེད། ཟླ5པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད7དང་སྐར་མ30ཡི་ཐོག འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལར་དགོན་སྡེའི་རིག་དངོས་ཀྱི་གནའ་བོའི་བཟོ་སྐྲུན་གྱི་མེ་གསོད་དངོས་འཐབ་བྱེད་པའི་སྦྱོང་བརྡར་བྱས་ཤིང་། ཐེངས་འདིའི་སྦྱོང་བརྡར་ནང་བསྡོམས་པས་མེ་གསོད་རླངས་འཁོར11དང་མེ་ཟོན་བཀོད་འཐབ་པ44ཞུགས་ཡོད། 
           ནང་སྦྱོང་དུ2019ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད19:30ཐོག་ཕོ་བྲང་པོ་ཏ་ལའི་ཤར་ངོས་ཀྱི་ཤར་ཆེན་ཐབ་ཁང་དུ་མེ་བཀོལ་བར་གཟབ་གཟབ་མ་བྱས་པར་མེ་སྐྱོན་བྱུང་བར་ཆ་བཞག་ཅིང་། འབར་རྫས་གཙོ་བོ་ནི་ཤིང་ཆ་ཡིན་པ་དང་མེ་སྐྱོན་བྱུང་སར་མི་ལུས་མེད། ཉེན་ཁའི་གནས་ཚུལ་ཐོན་རྗེས་ཕོ་བྲང་པོ་ཏ་ལའི་འོས་འགན་མེ་གསོད་རུ་ཁག་གིས་འཕྲལ་མར་མེ་ཟོན་རླུང་འཕྲིན་སྤྱད་དེ་ཁ་འགྲེམས་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་མི་སྣ་ཁ་འགྲེམས་དང་ཕྱིར་འཐེན་བྱ་རྒྱུར་ཁྲིད་སྟོན་བྱས་པར་མ་ཟད། མེ་གསོད་ཡོ་བྱད་དང་ཉེ་འགྲམ་གྱི་མེ་གསོད་ཆུ་སྒོ་སྤྱད་དེ་མེ་སྐྱོན་གྱི་ཐོག་མའི་དུས་སུ་མེ་བསད།
           ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་འབྲིང་གི་ལས་རེས་འཛིན་གྲྭས་ཆུ་རྒྱུད་ཀྱི་མེ་སྐྱོན་ཚོད་འཛིན་བྱེད་པ་མགྱོགས་སུ་བཏང་ཞིང་། ལྷ་ས་ཁྲེང་ཀོན་ཆུས་ཀྱི་མེ་ཟོན་རུ་འབྲིང་དང་པོ་དང་། སྣེའུ་མེ་འཁོར་བབས་ཚུགས་ཀྱི་མེ་གསོད་རུ་འབྲིང་། དམིགས་བསལ་ལས་སྒྲུབ་རུ་འབྲིང་དང་པོའི་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་འབྱོར་རྗེས་འོས་འགན་མེ་གསོད་རུ་ཁག་གིས་སྔ་སྣུར་གྱི་ཐག་གཅོད་དང་། མེ་ཟོན་རོགས་སྐྱོབ་ཁོངས་གཏོགས་ཀྱི་བཀོད་འདོམས་བྱས་པ་དང་། རོགས་སྣོན་མཐུན་སྦྱོར་དང་། མཉམ་འབྲེལ་ཐག་གཅོད་བཅས་ཀྱི་དམག་འཐབ་ཀྱི་གོ་རིམ་སྤེལ་བ་རེད།
           ནང་སྦྱོང་བྱེད་རིང་རིམ་པ་ཁག་གི་བཀོད་འདོམས་ཀྱི་ནུས་པ་ཆེ་བ་དང་སྡེ་ཚན་ཁག་གིས་རང་འགན་རང་འཁུར་བྱས་ཏེ་གོ་རིམ་གསལ་བ་དང་བཀོད་འདོམས་ཀྱི་ནུས་པ་ཆེ་བའི་དམག་འཐབ་བཀོད་འདོམས་ཀྱི་མ་ལག་ཆགས་ཡོད་ཅིང་། རོགས་སྐྱོབ་རུ་ཁག་གིས་ཉེན་བརྡ་ཐོས་འཕྲལ་མགྱོགས་པོར་འགུལ་སྐྱོད་བྱས་ཏེ་རམ་འདེགས་བྱས་པ་དང་། གོ་རིམ་ལྡན་པའི་ངང་སྟོབས་ཤུགས་བསྡུ་རུབ་དང་དམག་འཐབ་ཀྱི་གྲ་སྒྲིག་ལས་དོན་དུས་ཐོག་ཏུ་རྗེས་སྙེགས་ཐུབ་པ་དང་འཕྲིན་གཏོང་བརྒྱུད་སྐྱེལ་གྱི་འབྲེལ་མཐུད་ཐུབ་པ་བྱས། 
           ད་ཐེངས་ཀྱི་ནང་སྦྱོང་གིས་འཕྲལ་སྡོམ་རོགས་སྐྱོབ་མཉམ་འགུལ་ཚན་པ་ཁག་གིས་མཉམ་སྡེབ་དམག་འཐབ་ཀྱི་ཆུ་ཚད་ནུས་ལྡན་སྒོས་མཐོ་རུ་བཏང་ཞིང་། བོད་ལྗོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་དགོན་སྡེའི་རིག་དངོས་ཀྱི་གནའ་བོའི་ཨར་སྐྲུན་གྱི་མེ་སྐྱོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ཏེ་ནང་སྦྱོང་ལ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་འབྲིང་གི་རུ་དཔོན་བྱམས་པ་ཆོས་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ཐེངས་འདིར་གཙོ་བོ་རྒྱལ་ཡོངས་ཀྱི་གེགས་འགོག་གེགས་སེལ་གྱི་གཟའ་འཁོར་རིང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་མེ་ཟོན་ས་ཚིགས་ཆུང་གྲས་དང་དེ་བཞིན་ཉེ་འཁོར་གྱི་མེ་ཟོན་རུ་འབྲིང་ཁ་ཤས་དང་མཉམ་དུ་དངོས་འཐབ་ལད་ཟློས་ཀྱི་སྦྱོང་བརྡར་བྱས་ཤིང་། དེར་གཙོ་བོ་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་མཉམ་འགུལ་ནུས་པ་ཆེ་རུ་གཏོང་བ་དང་དུས་མཚུངས་སུ་ཕོ་བྲང་པོ་ཏ་ལའི་སྤྱི་ཡོངས་ཀྱི་མེ་གསོད་ཐག་གཅོད་ཀྱི་ནུས་པ་ཏན་ཏིག་ངང་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་བཤད།
འབྲེལ་ཡོད་རྩོམ་ཡིག