ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཚན་རྩལ་གྱིས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་རིམ་སྤེལ་གནས་ཚུལ་གཉིས་པ།

2019-05-10
           འདི་ལོ་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལས་དོན་སྙན་སྒྲོན་ནང“ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ཀྱི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་25%ཡན་འཕར་བར་འགན་ལེན་བྱེད་པའི”དམིགས་ཚད་བཏོན་ཡོད། ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ཀྱི་མ་དངུལ་གཏོང་ཤུགས(R&Dགཏོང་ཤུགས་ཀྱང་བརྗོད)ཞེས་པ་ནི་ས་ཁུལ་ཞིག་གི་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ལ་ཚད་འཇལ་བྱེད་པའི་སྟོན་རྟགས་གཙོ་བོ་དེར་བརྗོད། མིག་སྔར་རང་ལྗོངས་ཀྱི་R&Dཐད་མ་དངུལ་གཏོང་ཤུགས་གནས་ཚུལ་ཇི་འདྲ་ཡོད་དམ། སྲིད་གཞུང་དང་ཁེ་ལས་ཀྱིས་དེའི་ཁྲོད་གནས་བབ་ཇི་འདྲ་ཞིག་བཟུང་ངམ། ཞིབ་སྤེལ་ཐད་གཏོང་ཆ་གཏོང་ཤུགས་མི་འདང་བའི་དཀའ་ངལ་ལས་སྒྲོལ་བར་ད་དུང་དཀའ་གནད་གང་དག་སེལ་དགོས་སམ། དེའི་ཐད་གསར་འགོད་པས་བརྟག་ཞིབ་གཏིང་ཟབ་བྱས་པ་ཡིན། 
གནད་དོན་ལ་ཐད་ཀར་དམིགས་ནས་ཚན་ཞིབ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ།
           བོད་ཀྱི་གསོ་བ་རིག་པ་ཐོན་ལས་ཅན་གྱི་འཕེལ་རྒྱས་ནི་དུས་རབས་གོང་མའི་ལོ་རབས་90པ་ནས་འགོ་ཚུགས་པ་དང་འབྲེལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་ཆེན་པོ་དྲུག་གི་གྲས་ཤིག་ཏུ་གཏན་འཁེལ་བྱས་པ་རེད། ལོ་20ལྷག་ཙམ་འཕེལ་རྒྱས་དང་འཚོལ་ཞིབ་བྱས་པ་བརྒྱུད་རང་ལྗོངས་སུ་ད་ཡོད་ཀྱི་རྒྱལ་ཁབ་ཀྱི་GMPཡི་ཚད་ལྡན་བླང་བྱ་དང་མཐུན་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་17ཡོད་པར་རྒྱལ་སྨན་ཆོག་འཐུས་ཨང་རྟགས་ཀྱི་བོད་སྨན་རིགས་311ཡོད་པ་དང་། བོད་སྨན་སྨན་རྒྱུའི་ས་གནས་ཀྱི་ཚད་གཞི་ཁག་102ཞིབ་བཟོ་དང་ཡོངས་བསྒྲགས་བྱས་པ། བོད་སྨན་བཟོས་གྲུབ་སྨན་རིགས་200ལྷག་ཙམ་སྔ་རྗེས་སུ《ཀྲུང་གོའི་སྨན་གཞུང》ནང་བཅུག་པ། གྲངས་གཞི་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་གནའ་གཞུང་ཚད་ལྡན་ཡིག་ཆ་2400ལྷག་ཙམ་ཡོད་པ། 《བོད་སྨན་སྨན་རྒྱུའི་དཔེ་རིས་ཀུན་བཏུས》རྩོམ་འབྲི་དང་དཔེ་སྐྲུན་བྱས་པ་ལ་སོགས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱིས་རང་ལྗོངས་ཀྱི་སྨན་བཅོས་བདེ་ཐང་བྱ་གཞག་འཐུས་སྒོ་ཚང་དུ་བཏང་བ་དང་རང་ལྗོངས་ཀྱི་ཁྱད་ལྡན་དཔལ་འབྱོར་དང་མཐོ་གསར་ལག་རྩལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 
           རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱས་ཏེ་ཚན་རྩལ་གསར་གཏོད་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་2016ལོར་སླེབས་སྐབས་རང་སྐྱོང་ལྗོངས་ཀྱི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་2ཟིན་ཡོད། འོན་ཀྱང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དང་བསྡུར་ཚེ་2017ལོར་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཀྱིས་GDPཡི་བསྡུར་ཚད་0.22%བཟུང་བ་དང་ས་གནས་ཀྱི་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་0.5%བཟུང་ནས་གྲངས་གཞི་ཁག་གཉིས་ཀ་རྒྱལ་ཡོངས་ཀྱི་གྲས་མཇུག་ཏུ་སླེབས་ཡོད། ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ལ་མ་དངུལ་གཏོང་ཤུགས་མི་འདང་བ་དེ་རང་ལྗོངས་ཀྱི་ཚན་རྩལ་ལས་སྟེགས་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གནད་དོན་དུ་གྱུར་ཡོད། 
ཁེ་ལས་ཀྱི་ཞིབ་སྤེལ་འགྲོ་གྲོན་གཏོང་ཤུགས་རིམ་བཞིན་སྤར་བ།
           འདི་ལོའི་ཟླ་4པར། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཀོང་ཀྲོའུ་ལྟེ་གནས་ཀྱི“གསར་གཏོད་ཇུས་འགོད་ཀྱི་རིམ་འདས་རྩིས་རྒྱག་གཉེར་སྐྱོང་ལས་སྟེགས”ཉིང་ཁྲིར་གཞིས་ཆགས་པ་དང་། ཉིང་ཁྲིའི་ཀླུ་ནང་གི་མངོན་འགྱུར་བའི་གཉིས་གཏོད་ཐོན་ལས་གླིང་ལས་སྟེགས་སུ་བྱས་ནས་གཉེར་སྐྱོང་བྱས་ཤིང་། ལས་སྟེགས་དེས་བོད་ཀྱིས་དགུ་ཚིགས་ཨང་གཉིས་པའི་རིམ་འདས་རྩིས་རྒྱག་གི་ཐོན་ཁུངས་ནང་འདྲེན་བྱས་ཏེ་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། 
           ནུས་པ་ཆེ་བའི་རྩིས་རྒྱག་དང་། གྲངས་གཞི་མང་པོ་ཐག་གཅོད། ཆ་འཕྲིན་དོ་དམ་ཞབས་ཞུ་བཅས་མཉམ་འདྲེས་བྱ་རྒྱུ་གཞི་གཅིག་ཏུ་བསྡུས་པའི“རིམ་འདས་རྩིས་རྒྱག་གཉེར་སྐྱོང་ལས་སྟེགས”དེ་བོད་དུ་གཞིས་ཆགས་དོན་གང་ཡིན་ནམ་ཞེ་ན། རིམ་འདས་རྩིས་རྒྱག་འཕྲུལ་ཆས་ནི་ལོ་ལྟར་གློག་གྲོན་སྒོར་ཁྲི་སྟོང་མང་པོ་གཏོང་དགོས་པའི་ཟད་གྲོན་ཆེ་བའི་འཕྲུལ་ཆས་ཤིག་ཡིན་པ་དེས་རྩིས་རྒྱག་རིང་ཚ་ནུས་འབོར་ཆེན་ཞིག་ཐོན་གྱི་ཡོད། གལ་ཏེ་ལྟེ་གནས་དེའི་གྲང་བཟོའི་མཁའ་རླུང་སྙོམས་སྒྲིག་འཁོར་རྒྱུག་བྱེད་མཚམས་ཆད་ཚེ་འཕྲུལ་ཁང་གི་དྲོད་ཚད་མགྱོགས་མྱུར་འཕར་ནས་འཕྲུལ་ཆས་འཕྲོ་བརླག་ཕྱིན་སྟེ་གསབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཕོག་རྒྱུ་རེད། 
ཉིང་ཁྲིའི་དྲོད་ཚད་ལོ་ལྟར་ཅུང་དམའ་བ་དང་གནམ་གཤིས་སྐམ་ཤས་ཆེ་ཙམ་ཡོད་སྟབས། རིམ་འདས་རྩིས་རྒྱག་འཁོར་རྒྱུག་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་ནས་ཚ་དྲོད་སེལ་བར་མཁོ་བའི་ནུས་རྒྱུ་གྲོན་ཆུང་ཐུབ་ཀྱི་ཡོད། 
           གནམ་གཤིས་དང་ས་ཁམས་ཁོར་ཡུག་ཡག་པོ་མེད་མོད། འོན་ཀྱང་དེ་ནི་རང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་འགྲན་རྩོད་ལེགས་ཆ་ཞིག་ཏུ་གྱུར་ནས་ཁེ་ལས་དང་སྒྲིག་གཞི་དེ་བས་མང་བ་རང་ལྗོངས་སུ་ཚན་རིག་ཞིབ་འཇུག་བྱེད་པར་ཚུར་འགུགས་བྱས་ཡོད། རྩིས་རྒྱག་འཕྲུལ་ཆས་ཀྱི་ཆ་འཕྲིན་ལག་རྩལ་ལ་ཆ་མཚོན་ན། “རིམ་འདས་རྩིས་རྒྱག་གཉེར་སྐྱོང་ལས་སྟེགས”གཞིས་ཆགས་པ་དེ་ནི་འདེགས་ཤིང་ཞིག་དང་འདྲ་བར་ཁྱབ་ཁོངས་གཞན་དག་གི་ཚན་རྩལ་ཞིབ་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་ཁྲིད་བྱ་རྒྱུ་རེད། 
           བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོར་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་མཐོ་གསར་ལག་རྩལ་ཁེ་ལས་12ཀྱི་ཞིབ་སྤེལ་འགྲོ་གྲོན་སྒོར་དུང་ཕྱུར་2.3ཟིན་ནས་རང་སྐྱོང་ལྗོངས་ཀྱི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་མ་དངུལ་ལས་མང་བ་ཡོད་པ་དེ་ཐོག་ནས་རང་ལྗོངས་ཀྱིས་ཐབས་ལམ་མང་པོ་དང་རིམ་པ་མང་བའི་ཞིབ་སྤེལ་ལ་གཏོང་ཆ་གཏོང་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས་ཁེ་ལས་བྱེད་པོར་བྱས་པའི་ལག་རྩལ་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་གསལ་བཤད་ཐུབ་ཡོད། 
སྲིད་ཇུས་ལ་བརྟེན་ནས་མ་དངུལ་དེ་བས་མང་བ་གསར་གཏོད་ཐད་གཏོང་བ། 
           《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་འཆར་འགོད》ནང་2020ལོར་སླེབས་སྐབས། R&Dའགྲོ་གྲོན་གཏོང་ཤུགས་ཀྱིས་GDPཡི་བསྡུར་ཚད་ཀྱི་0.6%བཟུང་བ་དང་། ཞིབ་སྤེལ་མི་སྣ་5000ཡོད་པ། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་ལྡབ་གཅིག་འཕར་བ་བཅས་བྱུང་ནས“ས་མཐོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་ཁྱད་ཆོས་དང་མཐུན་པའི་གསར་གཏོད་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་ཚན་རྩལ་གསར་གཏོད་ནུས་པ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་ཡང་ན་ལོན་པ་བྱ་རྒྱུ”རེད། 
           ཚན་ཞིབ་དོ་དམ་ཐད“ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང”བཅས་ཀྱི་སྒྱུར་བཅོས་དོན་འཁྱོལ་གྱི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱིས《རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཚན་ཞིབ་རྣམ་གྲངས་མ་དངུལ་དོ་དམ་སོགས་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་ཚན་ཞིབ་འགྲོ་གྲོན་བེད་སྤྱོད་དང་དོ་དམ་བྱེད་སྟངས་སྒྱུར་བཅོས་བྱས་ཏེ་ཚན་ཞིབ་མི་སྣར་རོགས་སྐྱོར་བྱས་ཏེ་ནོར་སྲིད་ཚན་ཞིབ་མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་དཔྱད་ཆས་དང་སྒྲིག་བཀོད་ཆེ་གྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་དོ་དམ་བྱེད་ཐབས(གནས་སྐབས་ལག་བསྟར)》ཡོངས་བསྒྲགས་བྱས་ཏེ་ཚན་རིག་དཔྱད་ཆས་སྒྲིག་བཀོད་ཆེ་གྲས་མཉམ་སྤྱོད་ཀྱི་ལས་སྟེགས་སྐྲུན་པ་དང་། གསར་གཏོད་ཐོན་ཁུངས་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་བེད་སྤྱོད་ལས་ཕྱོད་ཆེ་རུ་གཏོང་བ། ཐིང་དང་གྲོང་ཁྱེར་དང་། ཐིང་དང་ཁེ་ལས། ཐིང་དང་སློབ་གྲྭ་བཅས་ཀྱི་མཉམ་འབྲེལ་ཐེབས་རྩ་བཙུགས་ནས་ཚན་རྩལ་གསར་གཏོད་ཐད་ཕྱོགས་ཁག་གི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་རེད། 
           2018ལོའི་ཟླ་1ཚེས་1ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར། ཁེ་ལས་ཀྱི《ནུབ་རྒྱུད་ས་ཁུལ་གྱི་སྐུལ་གཏོང་རིགས་ཀྱི་ཐོན་ལས་དཀར་ཆག》གི་ཐོན་ལས་ནང་ཞུགས་པ་དང་འབྲེལ་གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱིས་ཁེ་ལས་ཀྱི་ཡོང་འབབ་བསྡོམས་འབོར་གྱི་70%ཡན་བཟུང་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་ཁྲལ་ཚད་15%འཇལ་བ་དང་། ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་སོགས་ལྗང་མདོག་ནུས་རྒྱུ་གསར་པ་འཛུགས་སྐྲུན་ལ་མ་འཇོག་བྱེད་པ་དང་འབྲེལ། གཉེར་སྐྱོང་བྱེད་མཁན་ཁེ་ལས་སམ་ཡང་ན་རྣམ་གྲངས་སོགས་ལ་ཁེ་ལས་ཐོབ་ཁྲལ་གྱི་ས་གནས་མཉམ་སྤྱོད་ཀྱི་ཆ་ཤས་མི་བསྡུ་བ། ཁེ་ལས་ཀྱིས་ཞིང་ལས་ཐོན་ཟོག་ལས་སྣོན་གྱི་འགག་རྩའི་ལག་རྩལ་དང་། བཟོ་རྩལ། ཐོན་རྫས་ཞིབ་སྤེལ་བཅས་ལ་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་ཁྲོད་ནས་བསྡུར་ཚད་ངེས་ཅན་ཞིག་བཏོན་སྟེ་རྒྱབ་སྐྱོར་བྱེད་པ་ལ་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེས་R&Dཡི་འགྲོ་གྲོན་དེ་བས་མང་བ་ཚན་རྩལ་གསར་གཏོད་ལ་གཏོང་བར་སྐུལ་འདེད་ཐུབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག