ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ་60རིང་། བོད་ལྗོངས་གཞིས་ཀ་རྩེའི་མང་ཚོགས་ལ་ཅི་ཡང་མེད་པ་ནས་བརྟན་ལྷིང་འབྱོར་ཕྱུག་ལྡན་པར་གྱུར།

2019-05-16 པདྨ་ཚེ་རིང་གིས་བསྒྱུར།
འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ཡིན།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་13ཉིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ་60རིང་ལ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ཐད་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྣམས་ཡོངས་བསྒྲགས་བྱས་པ་རེད།
འདི་ནི་བོད་ལྗོངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ཡིན།
            དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ལྗོངས་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་ཤིང་། བོད་ལྗོངས་མི་དམངས་ལ་གོད་ཆག་ཚབས་ཆེན་ཐེབས་ཏེ་འཚོ་གནས་བྱེད་ཐབས་བྲལ་བར་གྱུར་པས། བོད་ལྗོངས་ཀྱི་སྤྱི་ཚོགས་ཧ་ཅང་དབུལ་ཕོངས་རྗེས་ལུས་དང་བཀག་སྡོམ་ཉམས་རྒུད་ཀྱི་གནས་སུ་ལྷུང་བ་རེད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཏེ་བོད་ལྗོངས་ལོ་རྒྱུས་ཀྱི་དུས་རབས་གསར་བ་ཞིག་བཏོད་པ་རེད།  
            དེང་སང་གི་གཞིས་ཀ་རྩེ་ནི་འཕོ་འགྱུར་རླབས་པོ་ཆེ་དེའི་མཚོན་ཚུལ་གསོན་ཉམས་དོད་པ་ཞིག་དང་། བོད་ལྗོངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བའི་གསལ་བཤད་གསོན་ཉམས་དོད་པ་ཞིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་ངོ་60རིང་ལ་གཞིས་ཀ་རྩེ་འདི་མུན་ནག་ནས་འོད་ཟེར་དང་། སྲིད་དབང་སྒེར་གཅོད་ནས་དམངས་གཙོ། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མི་རྣམས་ཅི་ཡང་མེད་པ་ནས་འཚོ་བ་འབྱོར་ཕྱུག་ཡོང་བ་མངོན་འགྱུར་བྱུང་།
འདི་ནི་གཞིས་ཀ་རྩེའི་གྲོང་ཁྱེར་པ་སྣམ་རྫོང་གི་སྔོ་ཚོད་དྲོད་ཁང་ཆེན་མོ་ཡིན།
            ཤེས་རྟོགས་བྱུང་བ་ལྟར་ན། 2018ལོར་གཞིས་ཀ་རྩེ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར243.20མངོན་འགྱུར་བྱུང་བ་དེ་ནི་1959ལོའི་ལྡབ་593ཡིན་ལ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་177.47བཏང་བ་དེ་ནི་1959ལོའི་ལྡབ་ཁྲི་2.6ཡིན། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར17.58ཡིན་པ་དེ་ནི་1959ལོའི་ལྡབ་2282ཡིན། གྲོང་རྡལ་དང་ཞིང་གྲོང་སོ་སོའི་ཡུལ་མིའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་32989དང་10216ལ་བསླེབས་ཡོད།
            ད་ཆ་གཞིས་ཀ་རྩེའི་ཐོན་ལས་ཀྱི་མ་ལག་རིམ་བཞིན་འཐུས་ཚང་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་བཅས་འཕེལ་རྒྱས་ཀྱི་སྟོབས་ཤུགས་མུ་མཐུད་ནས་ཇེ་རྒྱས་སུ་འགྲོ་བཞིན་ཡོད།
འདི་ནི་གཞིས་ཀ་རྩེའི་ཡུལ་མིའི་སྡོད་ཁང་ཡིན།
            གཞིས་ཀ་རྩེ་གྲོང་ཁྱེར་དུ་ཇོ་མོ་གླང་མའི་སྐྱེ་ལྡན་འདེབས་གསོ་དང་ལས་སྣོན་ལས་རིགས། ཁྱད་ལྡན་ཡུལ་སྐོར་ལས་རིགས། རང་བྱུང་འཐུང་ཆུའི་ལས་རིགས།  ལྗང་མདོག་སྣོད་བཅུད་ལས་རིགས།  ཁྱད་ལྡན་ལག་ཤེས་བཟོ་ལས། ནུས་ཁུངས་གཙང་མའི་ལས་རིགས། ཡ་གླིང་ལྷོ་མའི་ཟོག་སྐྱེལ་ལས་རིགས་བཅས་“ཐོན་ལས་ཆེན་པོ་བདུན”གཙོ་བོ་བྱས་པའི་ཐོན་ལས་མ་ལག་ཅིག་ཆགས་ཡོད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་18ལ་འཕེལ་བ་དང་། “སྐྱེ་ལྡན་དང་སྣོད་བཅུད་”ལམ་ཡིག་ལྟར་གྱུར་པའི་ཡ་གླིང་ཤར་མའི་ཀའེ་ཉ་དང་གམ་པའི་གཡང་ལུག་མཐོ་སྒང་བརྒལ་ནས་རྒྱལ་ཡོངས་སུ་ཁྱབ་བཞིན་ཡོད།  རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཡུལ་སྲོལ་གོམས་གཤིས་འཆམ་མཐུན་མཉམ་གནས་བྱུང་སྟེ། ལོ་རྒྱུས་རྒྱུན་འཛིན་དང་དེང་རབས་ཤེས་རིག་གཉིས་གཅིག་རྒྱན་གཅིག་གིས་སྤྲས་བཞིན་གཞིས་ཀ་རྩེའི་ཡིད་འགུག་པའི་ནུས་པ་ཆེ་ནས་ཆེ་རུ་བསྐྱེད་བཞིན་ཡོད། 2018ལོར་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་694.7ལ་སྣེ་ལེན་བྱས་ཏེ་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་55.25བསླེབས་ཡོད་པ་རེད།
            གཞིས་ཀ་རྩེ་གྲོང་ཁྱེར་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་1.78སླེབས་པ་དང་། གཞིས་ཀ་རྩེ་ནས་སྐྱིད་རོང་བར་གྱི་ལྕགས་ལམ་དང་རིམ་པ་མཐོ་བའི་གཞུང་ལམ་གྱི་དུས་འགོའི་ལས་དོན་བདེ་བླག་ངང་སྤེལ་ཞིང་། ལྷ་གཞིས་ལྕགས་ལམ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ལམ་ཐིག་དང་། བདེ་སྐྱིད་ལམ་ཐིག  དཔལ་འབྱོར་ལམ་ཐིག་བཅས་སུ་གྱུར། གཞིས་ཀ་རྩེའི་གནམ་གྲུ་ཐང་གི་མཁའ་འགྲུལ་ལམ་ཐིག་ཇེ་མང་དུ་ཕྱིན་ཏེ་མང་ཚོགས་ཕྱི་ཐོག་ལ་བསྐྱོད་པར་སྔར་བས་སྟབས་བདེ་བཟོས། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་“གྲོང་ཁྱེར་དྲུག་མཉམ་གཏོད་”ལ་ཤུགས་ཆེན་པོ་བརྒྱབ་ནས་གྲོང་ཁྱེར་གྱི་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་དང་གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ཚད་བསྟུད་མར་མཐོ་རུ་ཕྱིན་པ་རེད།
འདི་ནི་གཞིས་ཀ་རྩེ་གྲོང་ཁུལ་གྱི་དཔེ་ཁང་ཡིན།
            དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་ངོ་60རིང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་མང་ཚོགས་ལ་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་དམངས་འཚོའི་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད། 
            དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་མགོ་བརྩམས་པ་ནས་བཟུང་། གཞིས་ཀ་རྩེས་ཐོན་ལས་ཀྱི་དབུལ་སྐྱོར་དང་གནས་སྤོའི་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྤྱི་ཚོགས་འགན་ལེན་མཐའ་འཁྱོངས། བསམ་པའི་དབུལ་སྐྱོར་སོགས་ཀྱི་ལས་ཀ་ཤུགས་ཆེར་སྤེལ་ནས་དབུལ་ཕོངས་མི་གྲངས་ཁྲི་16.96ནས་མི་གྲངས་ཁྲི་3.48བར་ཇེ་ཉུང་དུ་ཕྱིན་པ་དང་། དབུལ་ཕོངས་བྱུང་ཚད་25.27%ནས་5.1%བར་ཇེ་ཉུང་དུ་ཕྱིན་པ་རེད། 
            གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ལ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་བུ་བཅོལ་ཁང་329དང་། སློབ་ཆུང་224། དམའ་རིམ་སློབ་འབྲིང་23། མཐོ་འབྲིང་དཀྱུས་མ་7། འབྲིང་རིམ་ལས་རིགས་སློབ་གྲྭ་2བཅས་འཕེལ་རྒྱས་སུ་བཏང་། སློབ་གསོའི་གཟིགས་སྐྱོང་གི“འགན་ལེན་གསུམ་” (དེ་ནི་ཟ་རིན་དང་ཁང་རིན། གོས་རིན་བཅས་ཀྱི་འགན་གཞུང་ནས་གཙང་ལེན་བྱས་པ་ཡིན)དེ་སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་གི་སློབ་གསོ་བར་ཧུར་བརྩོན་གྱིས་ཁྱབ་པར་བྱས་ཡོད།  
            གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུད་འདེད་ཧུར་ཐག་བཏང་བ་དང་། སྤྱི་པའི་རིག་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་བདེ་བླག་ངང་འཚོགས་པ་དང་། རྒྱལ་རྩེ་རྟག་མ་དུས་ཆེན་དང་ས་སྐྱའི་འཕགས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་སྲོལ་རྒྱུན་དུས་ཆེན་གྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ། གཙང་པ་ལྷ་མོ་《དོན་ཡོན་དོན་གྲུབ་》དེ་སྐབས་ལྔ་པའི་ཝུའུ་ཀྲེན་ཟློས་གར་དུས་ཆེན་དུ་འཁྲབ་སྟོན་བྱས་པ་དང་།  གླུ་བྲོའི་ཟློས་གར་ཆེ་གྲས་《བཀྲ་ཤིས་པའི་གཞིས་ཀ་རྩེ》དང་《རྒྱལ་རྩེའི་རྗེས་ཤུལ》གཉིས་ཧྲན་ཏུང་དང་ཧྲང་ཧའེ་རུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་ཅིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་རིགས་སྒྱུ་རྩལ་ཚོགས་པས་ལོ་གཉིས་ཀྱི་རིང་བསྟུད་མར་སུའེ་ཙེར་དང་ལེ་ཀྲི་ཏུན་ཧྲི་ཏེང་། འཇར་མན་བཅས་སུ་འཁྲབ་སྟོན་བྱེད་པར་གདན་དྲངས་པ་ལྟར་ཕེབས་པ་རེད།
            གཞིས་ཀ་རྩེ་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་སྨན་ཁང་གིས“ཀ་པ་གསུམ”བདེ་བླག་ངང་གཏོད་པ་དང་། རྫོང་རིམ་པའི་སྨན་ཁང་10ཡིས་རིམ་པ་གཉིས་པའི་སྨན་ཁང་གསར་འཛུགས་བྱས། སྨན་བཅོས་སྒྲིག་གཞིའི་ཉལ་ཁྲི་3384ཟིན་ལ། འཕྲོད་བསྟེན་ལག་རྩལ་མི་སྣ་3144ལ་སླེབས། ཁྱིམ་ཚང་གི་སྨན་པའི་གན་འཇོག་རྣམ་པའི་ཞབས་ཞུར་སྐུལ་འདེད་ནན་ཏན་བྱས་པས། གན་རྒྱ་བཞག་པའི་གྲངས་འབོར་མི་ཐེངས་ཁྲི་39ཟིན་ཅིང་། གཙོ་གནད་མི་ཚོགས་ཀྱི་གན་རྒྱ་འཇོག་ཚད་ཕྱོགས་ཡོངས་སུ་ཁྱབ་པ་རེད། 2018ལོར་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་ལ་བརྟག་དཔྱད་བྱེད་ཚད་98%དང་།  གྲྭ་བཙུན་གྱི་གཟུགས་པོ་བདེ་ཐང་ལ་བརྟག་དཔྱད་བྱེད་ཚད་99.8%། སྦྲུམ་མས་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་99.1%བཅས་ཟིན་ཡོད།  
            གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་མེ་ཏོག་གང་སར་བཞད་ནས་“6•2”ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར་གཏན་འཁེལ་བྱས་ནས། གྲོང་ཁུལ་གྱི་སྤྱི་གླིང་ཆེ་ཤོས་ལ“མི་རིགས་མཐུན་སྒྲིལ་བརྗོད་དོན་སྤྱི་གླིང་”ཞེས་མཚན་བཏགས།  མི་རིགས་སོ་སོའི་མང་ཚོགས་ཀྱིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ནང་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད། གཞིས་ཀ་རྩེ་རུ་བོད་རིགས་དང་རྒྱ་རིགས། ཧུའེ་རིགས། སོག་རིགས། མོན་པ། ལྷོ་པ་སོགས་ཀྱི་མི་རིགས་14མཉམ་སྡོད་མཉམ་སྦྱོང་དང་། ལས་ཀ་མཉམ་སྒྲུབ། སྐད་ཆ་ལབ་གླེང་། གླུ་གར་མཉམ་འདྲེས། གོམས་སྲོལ་མཉམ་འདྲེས། བརྩེ་དུང་མཉམ་འདྲེས་བཅས་སེ་འབྲུའི་འབྲས་བུ་ལྟར་དམ་པོར་འཁྱུད་ཡོད།  
འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་རོང་གྲོང་རྡལ་ཡིན།
            དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་ངོ་60རིང་གཞིས་ཀ་རྩེའི་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱ་གཞག་མེད་པ་ནས་ཡོད་པ་དང་། དེ་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཏེ་རང་རྟོགས་མིན་པ་དང་རང་རྟོགས་དང་། རང་འགུལ་མིན་པ་ནས་རང་འགུལ། རྨོངས་པ་ནས་ཚན་རིག་བཅས་རྩ་བ་ནས་མཆོང་པ་ལྟར་འཕེལ་རྒྱས་སུ་ཕྱིན་ཡོད་ལ།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྔོ་ལྗང་རི་ཆུ་དང་གངས་རི་འཁྱགས་རི་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས“མཛེས་སྡུག་ལྡན་པའི་གཞིས་ཀ་རྩེར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ་དང་སྣོད་བཅུད་བདེ་འཇགས་སྲུང་རགས་སྲ་བརྟན་དུ་གཏོང་བའི”སྣོད་བཅུད་ལས་གཞི་གལ་ཆེན་ལག་བསྟར་ཤུགས་ཆེན་བྱས། མཐའ་གཅིག་ཏུ་གཞིས་ཀ་རྩེའི་རི་ཆུ་ནགས་མཚོ་ལ་སྲུང་སྐྱོང་བྱས་པས་ད་ལྟའི་གཞིས་ཀ་རྩེ་ནི་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཆེས་ལེགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན།
            ཚོགས་འདུའི་ཐོག་གཞིས་ཀ་རྩེ་གྲོང་ཁྱེར་ནོར་སྲིད་ཅུས་དང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་ཅུས་སོགས་འབྲེལ་ཡོད་འགན་ཁུར་བས་ད་དུང་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
འབྲེལ་ཡོད་རྩོམ་ཡིག