ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འཛམ་གླིང་ཡང་རྩེར་འཕེལ་རྒྱས་བྱུང་བའི་མཐོ་གསར་ལག་རྩལ་ཁུལ།

2019-05-20
—ཚན་རྩལ་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་རིམ་སྤེལ་གནས་ཚུལ་དྲུག་པ།
            ན་ནིང་ཟླ་7པའི་ཚེས་27ཉིན། ལྷ་སའི་མཐོ་གསར་ལག་རྩལ་ཁུལ་དུ་དམིགས་བསལ་གྱི་སྐུ་མགྲོན་ཞིག་ཕེབས་ཡོད་པ་སྟེ། ཁོང་ནི་རང་ལྗོངས་སུ་རྟོག་ཞིབ་གནང་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རེད། ཁོང་རྒྱལ་སྤྱིའི་སྤྱི་ཁྱབ་གྲོང་གི་ཐོག་ཁང་དང་པོར་གནས་པའི“སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས”སུ་ཕེབས་ནས་མངོན་འགྱུར་བ་100ལྷག་ཙམ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་ཆབས་ཅིག་ཁོང་ཚོས་གསར་གཏོད་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ“གཉིས་གཏོད”བར་མཐོངས་ཇེ་ཆེར་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།
            ལོ་བཅུ་ལྷག་ཙམ་གོང་གི་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་གྲོང་ཚོ་ཆུང་ཆུང་།
            ལྷ་ས་མཐོ་གསར་ལག་རྩལ་ཁུལ་2003ལོར་བསྐྲུན་པ་དང་། དེ་སྔའི་མིང་ལ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་བརྗོད་ཅིང་། 2015ལོའི་ཟླ་12པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་རིམ་པའི་མཐོ་གསར་ཁུལ་དུ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།
            ཡིན་ནའང་། ལོ་10ལྷག་ཙམ་གོང་གི་ལྷ་ས་མཐོ་གསར་ལག་རྩལ་ཁུལ་གནས་ཡུལ་ནི་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་སུ་ཞིག་གི་ཡིད་ལ་འཁོར་སྲིད་དམ།
            “སྔོན་ཆད་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ནི་གྲམ་ཐང་ཡིན་པ་དང་། འཁྱམས་ཁྱི་དང་འབྲི་གཡག་སོགས་གང་སར་མཐོང་རྒྱུ་ཡོད”ཅེས་པ་ནི་དུས་ཡུན་རིང་པོའི་ནང་ཁུལ་དེས་མི་རྣམས་ལ་བཞག་པའི་བག་ཆགས་རེད། སྐབས་དེ་དུས་ཁྲོམ་རའི་དཔལ་འབྱོར་གྱི་མ་ལག་སྤྱིར་ན་འཕེལ་མེད་ཀྱི་རྣམ་པར་གནས་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁ་ཤས་ལས་མེད་པ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བཟུང་ཚད་ཀྱང་སྤྱིར་ན་སྟོང་པ་རེད།
            2007ལོའི་བར། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱིས་པེ་ཅིང་ལམ་ཆེན་དང་འབབ་ཚུགས་བར་བརྒྱུད་ལམ་སོགས་ཀྱི་འགྲོ་ལམ་འཛུགས་སྐྲུན་དང་དེ་བཞིན་འགག་རྩའི་ལྟེ་གནས་དང་། གད་སྙིགས་བསྡུ་བརྒྱུད་ས་ཚིགས། གློག་སྒྱུར་ས་ཚིགས། མངགས་གཏོང་ཁང་སོགས་ཀྱི་རམ་འདེགས་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་གློག་དང་ཆུ་ཤར་གཏོང་དང་། སྔོ་འགྱུར། ཚད་བཅད་སོགས་ཀྱི་ཞབས་ཞུའི་མ་ལག་རགས་ཙམ་བསྐྲུན་ཡོད།
            གྲམ་ཐང་དུ་མཐོ་གསར་ཁུལ་བསྐྲུན་པ།
            ལྷ་ས་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་སྤྱི་ཡོངས་ལ་སྐུལ་འདེད་ཐེབས་པ་དང་བསྟུན་ནས། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་སུ་དུས་ཐུང་ནང་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། དེ་ཁུལ་དུ་ལྷ་ས་མེ་འཁོར་འབབ་ཚུགས་དང་། ལྷ་ས་ལྷོ་ཚུགས་ལྕགས་ལམ་ལྟེ་བ་སོགས་ཆགས་ཡོད། ཤར་རྒྱུད་ལྷ་ཉིང་རིམ་མཐོའི་ལྕགས་ལམ་དང་འབྲེལ་བ་དང་། ལྷ་གཞིས་ལྕགས་ལམ་དང་། གནམ་ཐང་མྱུར་བགྲོད་གཞུང་ལམ། གྲོང་སྐོར་ལམ་སོགས་དེ་ཁུལ་ནས་བརྒྱུད་པས་ལྷ་ས་མཐོ་གསར་ལག་རྩལ་ཁུལ་གྱི་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལས་དེ་ཁུལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
            2016ལོར། ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་ཁེ་ལས་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་རྟེན་གཞིའི་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་སྦྲགས་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་9རག་ཡོད་ཅིང་། 2017ལོར། ལྷ་ས་མཐོ་གསར་ཁུལ་རྒྱལ་ཡོངས་ཀྱི“གཉིས་གཏོད”དཔེ་སྟོན་རྟེན་གཞི་ཁག་གཉིས་པར་ཚུད་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25.58ཟིན་ནས་དུས་མཚུངས་ལས་14.75%འཕར་ཡོད། 2018ལོར། ལྷ་ས་མཐོ་གསར་ལག་རྩལ་ཁུལ་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི“གཉིས་གཏོད”རིམ་སྤོར་བྱ་ཐབས་ཀྱི་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་རྣམ་པའི་ཁྱད་ལྡན་གཞི་རྟེན་ཁག་ཐེངས་དང་པོ་དང་ཀྲུང་གོའི་ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་དཔེ་སྟོན་རྟེན་གཞིར་སྐྲུན་པའི་ཆོག་མཆན་ཐོབ་ནས“གཉིས་གཏོད”ཀྱི་གཞི་རྟེན་15ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་ཀུན་གཏོད་བྱ་ཡུལ་1དང་། རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བྱ་ཡུལ་2 གྲོང་ཁྱེར་རིམ་པའི་ཀུན་གཏོད་བྱ་ཡུལ་2 གྲོང་ཁྱེར་རིམ་པའི་གསོ་སྐྱོང་བྱ་ཡུལ་5 ལྷ་ས་གྲོང་ཁྱེར་གྱི་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞི་2བཅས་ཡོད་པ་རེད།
            ཁེ་ལས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་མཐོ་ས།
            རྒྱལ་ཁབ་རིམ་པའི“གཉིས་གཏོད”དཔེ་སྟོན་རྟེན་གཞི་ཁག་ཐེངས་གཉིས་པ་ཡིན་པའི་ངོས་ནས“སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས”ན་ནིང་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། དེ་ནི་ལྷ་ས་མཐོ་གསར་ལག་རྩལ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་བསྐྲུན་པ་དང་། རང་སྐྱོང་ལྗོངས་ཀྱི་དྲ་ཚོང་ཚན་རྩལ་གསོ་སྐྱོང་གླིང་དང་། ལས་གཏོད་འཇོན་ཐང་ཅན། ཡིའུ་ཁེའི་ལས་ཡུལ། ནན་ཁའེ་སློབ་ཆེན་བོད་ལྗོངས་གསར་གཏོད་ལས་གཏོད་རྟེན་གཞི། ལྷ་ས་མཐོ་གསར་ལག་རྩལ་ཁུལ་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དཔེ་སྟོན་གླིང་། ལྷ་ས་མཐོ་གསར་ཁུལ་རིག་ལྡན་གྲོང་ཁྱེར་མ་རྩོམ་མཉེན་ཆས་འདུ་འགོད་ཞིབ་སྤེལ་ལྟེ་གནས་སོགས་རྟེན་གཞི་10ཙམ་གྱི་ཁེ་ལས་100ལྷག་ཙམ་ལག་རྩལ་ཁུལ་དེར་གཞིས་ཆགས་ཡོད་པ་རེད།
            སྐྱེ་ཁུངས་ཧྲན་ཤིས་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་ཝུའུ་ཆི་བོད་ལྗོངས་སློབ་ཆེན་ཡུལ་སྐོར་དོ་དམ་ཆེད་ལས་ནས་ཐོན་པ་དང་། ཁོང་གིས་གྲོགས་པོ་ཁ་ཤས་དང་མཉམ་དུ་བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཙུགས་ཤིང་། “སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས”ཀྱིས་ཁོང་དང་འདྲ་བར་ཚོང་འགུགས་མ་འདྲེན་གྱི་ཞབས་འདེགས་དང་། སྲིད་ཇུས་བློ་འདྲི། བཅའ་ཁྲིམས་བློ་འདྲི་བཅས་ནས་བཟོ་ཚོང་ཁྲལ་དོན་ལས་ཁུངས་སུ་ཐོ་འགོད་དང་གཉེར་སྐྱོང་ཇུས་འགོད་སོགས་གཞི་གཅིག་ཏུ་བསྡུས་པའི་ཁེ་ལས་ཀྱི་ཚོང་ལས་ཞབས་འདེགས་ཞུས་ཡོད་པ་རེད།
            “ང་ཚོའི་ཀུང་སི་ན་ནིང་ཟླ་6པར‘སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས’སུ་ཞུགས་ནས་སྤྱི་ཚོགས་ཀྱི་འགན་སྲུང་དང་། སྡོད་ཁང་གི་ཁ་གསབ་ཡོད་པ་མ་ཟད། ད་དུང་ཁྲལ་འཇལ་གྱི་གཟིགས་སྐྱོང་སྲིད་ཇུས་སོགས‘གཉིས་གཏོད’ཀྱི་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོད། དེས་ང་ཚོར་ལས་གཏོད་ཀྱི་མ་གནས་གྲོན་ཆུང་ཐུབ་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་བྱུང”ཞེས་ཝུའུ་ཆིས་དགའ་ཚོར་ཆེན་པོའི་ངང་བཤད་བྱུང་།
            ན་ནིང་ལོ་མཇུག་བར། རིམ་རྩིས་ལྟར་ན་ལྷ་ས་མཐོ་གསར་ལག་རྩལ་ཁུལ“གཉིས་གཏོད”ཞབས་ཞུའི་ལྟེ་གནས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་བྱེད་པོ་100ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་མི་ཐེངས་300ལྷག་ཙམ་གྱི་ལས་ཞུགས་བློ་འདྲིར་ལན་བཏབ་པ་དང་འབྲེལ་གསར་གཏོད་ལས་གཏོད་ཀྱི་བྱེད་པོར་བཟོ་ཚོང་ཚབ་སྒྲུབ་དང་། ནོར་དོན་ཚབ་སྒྲུབ། རྣམ་གྲངས་ཇུས་འགོད། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ལས་སྒོ་ཁག་60ལྷག་ཙམ་མཁོ་འདོན་བྱས་ཡོད། ད་དུང་མཐོ་གསར་ལག་རྩལ་ཁུལ་གྱི་ཁེ་ལས་ཆེས་ཆུང་གྲས་3600ལྷག་ཙམ་དང་། གཉིས་གཏོད་ཁེ་ལས་200ལྷག་ཙམ། དེ་བཞིན་གཉིས་གཏོད་བྱེད་པོ་15ལ་ཆ་འཕྲིན་མཛོད་སྐྲུན་རོགས་བྱས་པ་རེད། གཞན་ཡང་། ད་དུང་མཐོ་གསར་ལག་རྩལ་ཁུལ་གྱིས་སྒོར་ཁྲི་5000ཟིན་པའི་བུན་འཇལ་ཉེན་ཁའི་ཁ་གསབ་ཐེབས་རྩ་དང་། སྒོར་ཁྲི་2500ཟིན་པའི་ལས་གཏོད་ཕོ་ཉའི་ཐེབས་རྩ། སྒོར་ཁྲི་500ཟིན་པའི་གསར་གཏོད་དངུལ་འཛིན་བཅས་བཀོད་སྒྲིག་བྱས་ནས“གཉིས་གཏོད”ཁེ་ལས་ལ་ཕྲད་པའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཏན་ཏིག་བསལ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག