ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཟླ་5ཚེས་29ཉིན་ནས་བཟུང་འགྲམ་འགག་སྒོ་ནས་ཅ་ལག་དབོར་འདྲེན་ཆོག་པ།

2019-05-30
མི་སྣའི་བདེ་འཇགས་འགན་ལེན་བྱ་ཆེད་མི་སྣ་དཀྱུས་མ་འགྲོ་འོང་དང་མཐའ་མཚམས་མང་ཚོགས་དབར་གྱི་ཉོ་ཚོང་གནས་སྐབས་བྱེད་འཇུག་རྒྱུ་མིན་པ།
            ཚེས་28ཉིན་གྱི་སྔ་དྲོ། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད་2019ལོའི་ཟླ་5ཚེས་29ཉིན་ནས་བཟུང་འགྲམ་འགག་སྒོ་ནས་ཅ་ལག་ཚོད་ལྟའི་དབོར་འདྲེན་བྱེད་རྒྱུ་དང་། ཕྱོགས་གཉིས་ཀྱིས་བསྐྱར་དུ་བསྐྲུན་པའི་འགྲམ་འགག་སྒོར་ཅ་ལག་དབོར་འདྲེན་སླར་གསོའི་མཛད་སྒོ་འཚོགས་པ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པ་བརྒྱུད། ཐེངས་འདིའི་འགྲམ་འགག་སྒོ་སྒྲོལ་བའི་བྱེད་ནུས་སླར་གསོ་བྱེད་སྐབས་ཟོག་འདྲེན་བྱེད་ནུས་ཁོ་ན་ལས་སླར་གསོ་བྱས་མེད་པ་དང་། མི་སྣའི་བདེ་འཇགས་འགན་ལེན་བྱ་ཆེད། མི་སྣ་དཀྱུས་མ་འགྲོ་འོང་དང་མཐའ་མཚམས་མང་ཚོགས་དབར་གྱི་ཉོ་ཚོང་གནས་སྐབས་བྱེད་འཇུག་རྒྱུ་མིན་པ་རེད། 
            ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ནེའི་མཐའ་མཚམས་ཀྱི་གཞུང་ལམ་འགག་སྒོ་གལ་ཆེ་ཤོས་ཡིན་པའི་ཆ་ནས། འགྲམ་འགག་སྒོ་ནི་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་གྲོགས་འགྲོ་འོང་གི“སྐར་ཁུང”གལ་ཆེན་ཞིག་ཡིན་པ་དང་། 90%ཡན་གྱི་ཀྲུང་ནེའི་ཉོ་ཚོང་འགག་སྒོ་དེ་བརྒྱུད་དགོས་པས། ཀྲུང་ནེའི་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ཐོན་ཡོད། 2015ལོར། ནེ་པ་ལར“4·25”ས་ཡོམ་ཆེན་པོ་བརྒྱབ་པས་འགྲམ་འགག་སྒོ་དང་དེ་བཞིན་བགྲོད་ལམ་དང་ཟམ་པ་སོགས་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་འགག་སྒོ་སྐབས་ཤིག་རིང་སྒོ་མི་རྒྱག་ཀ་མེད་བྱུང་བ་དང་། དེས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཚོང་དོན་མཉམ་ལས་ལ་བཀག་རྒྱ་ཆེན་པོ་ཐེབས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་འགྲོ་འོང་སྤེལ་རེས་ལ་དཀའ་ངལ་བཟོས་པས། འགྲམ་འགག་སྒོའི་ཟོག་འདྲེན་བྱེད་ནུས་སླར་གསོ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཆེན་པོ་ཞིག་ཏུ་གྱུར་ཡོད། མིག་སྔར། འགྲམ་འགག་སྒོའི་ས་གཤིས་གནོད་འཚེ་འགོག་བཅོས་དང་། བགྲོད་ལམ་སླར་གསོ་བསྐྱར་སྐྲུན། ཆུ་བེད་འགོག་སྲུང་། གློག་ཤུགས་འགན་ལེན། མཉམ་བཤེར་སྒྲིག་བཀོད་ཉམས་གསོ། རྒྱལ་མཚམས་བརྒལ་བའི་སྒྲིག་བཀོད་བསྐྱར་སྐྲུན་སོགས་འགན་ལེན་ལས་དོན་ཁག་གཞི་རྩའི་ཆ་ནས་ཟོག་འདྲེན་བྱེད་ནུས་སླར་གསོའི་ཆ་རྐྱེན་དང་འཚམ་ཡོད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག