ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

【དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ】རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སྟེང་དམག་སྡེ་བཅོ་བརྒྱད་པའི་རྐང་རྗེས་འཚོལ་བ།

2019-05-31 པད་མ་རྒྱལ་གྱིས་བསྒྱུར།
           རྩོམ་སྒྲིག་པའི་མཆན། 1950ལོར། གསར་དུ་སྐྱེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅིངས་འགྲོལ་གྱི་དགའ་སྤྲོའི་ཁྲོད་དུ་གནས་ཤིང་། རྒྱལ་ཡོངས་མི་དམངས་ཀྱིས་མེས་རྒྱལ་འཛུགས་སྐྲུན་བྱེད་ཆེད་དཔའ་ངར་ཆེར་བསྐྱེད་ཀྱིས་གྲ་སྒྲིག་བྱེད་བཞིན་ཡོད། སྐབས་དེར་མི་ཁྲི་གཅིག་ལྷག་ཙམ་ཡོད་པའི་དཔུང་ཁག་ཅིག་གིས་གངས་རི་བརྒལ་ཏེ་ཐང་རྒོད་བསྐྱོད་ནས་དྲག་ཏུ་བཞུར་བའི་ཆུ་རྒྱུན་གྱི་ཁྲོད་ནས་མདུན་དུ་བསྐྱོད། ལོ་ངོ69སོང་རྗེས་ཀྱི་དེ་རིང་རླབས་ཆེན་གྱི་མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་སོང་ཞིང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་སྔར་བཞིན་རྒྱུན་འཛིན་བྱེད་དགོས་ཀྱི་ཡོད་པས། ང་ཚོ་མཉམ་གཅིག་ཏུ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་དེ་གསར་བརྗེའི་དྲན་ཤེས་ལ་བསྐྱར་དྲན་ཞིག་བྱེད་དང་། 
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར།“དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ”ཞེས་པའི་བྱེད་སྒོར་ཞུགས་མཁན་གྱི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དང་དེ་བཞིན་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་དང་བཅས་པ་བྱེད་སྒོའི་ས་ཚིགས་དང་པོ་སྟེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ཕེབས་ནས་ལྕགས་ཟམ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པ།  དམར་དམག་གིས་ལྕགས་ཟམ་འཕྲོག་པའི་དྲན་གསོ་ཁང་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་རེད། 
འདི་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་སྣེ་རེད།
           1950ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་བོད་དུ་དཔུང་སྐྱོད་བྱེད་པའི་དམག་རྟགས་ཁྲོད་རྔམ་བརྗིད་ལྡན་པའི་ངང་ལྕགས་ཟམ་ནས་བརྒྱུད་དེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་ཞིང་། ལྕགས་ཟམ་དང་བར་ཐག་སྨི500ཙམ་ཡོད་པའི་སར་ད་དུང་ལོ་རྒྱུས་ཀྱི་ཟམ་པ་གྲགས་ཅན་ཞིག་ཡོད་པ་དེར་ཡང་དམག་སྡེ་བཅོ་བརྒྱད་པའི་རྐང་རྗེས་བཞག་ཡོད། 
འདི་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པའི་རྗེས་ཤུལ་རེད། 
           བོད་དུ་དཔུང་སྐྱོད་བྱེད་པའི་བརྒྱུད་རིམ་ནང་མའོ་ཀྲུའུ་ཞིས “བོད་དུ་དཔུང་སྐྱོད་བྱས་ན་ས་ཆ་མི་ཟ”ཞེས་བཀའ་བཏང་ཡོད་པས། དམག་སྡེ་བཅོ་བརྒྱད་པའི་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་བྱ་རྒྱུ་དེ་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཞིང་། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་བྱ་བར་འགྲིམ་འགྲུལ་ཤར་གཏོང་ཡོང་བ་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན།
འདི་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཚོས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པའི་ཉེ་འགྲམ་དུ་དྲན་རྟེན་འདྲ་པར་བསྐྱོན་པའི་རྣམ་པ་རེད།
           “དམག་སྡེ་བཅོ་བརྒྱད་པ་བོད་དུ་མ་བསྐྱོད་པའི་དུས་མགོར་རུ་ཁག་ལྕགས་ཟམ་ནས་ཐར་མོད། འོན་ཀྱང་རླངས་འཁོར་མདུན་དུ་སྐྱོད་ཐབས་བྲལ་བས་རླངས་འཁོར་བཤིགས་ཏེ། མི་རྣམས་ཀྱིས་རླངས་འཁོར་གྱི་ལྷུ་ལག་འཁུར་ནས་ཟམ་པ་བརྒལ་རྒྱུ་ལས་མ་བྱུང་། གནས་ཚུལ་དེ་འདྲའི་འོག་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་སར་ཟམ་པ་ཞིག་ངེས་པར་དུ་བསྐྱར་འཛུགས་བྱེད་དགོས་པ་ཡིན”ཞེས་དམག་སྡེ་བཅོ་བརྒྱད་པའི་ཧྲེ53པའི་ཧྲེ་ཀྲང་ཅིན་ཧྲའོ་ཧྲན་གྱི་བུ་ཅིན་ཅན་གྱིས་ཕ་རབས་ཚོ་བོད་དུ་བསྐྱོད་པའི་དཀའ་སྡུག་གི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཏེ། དྲན་ཚོར་ཆེན་པོའི་ངང་དེ་ལྟར་བཤད་པར་མ་ཟད། ཁོང་གིས“ཁམས་བོད་གཞུང་ལམ་དང་། དཀར་མཛེས་གནམ་ཐང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བཅས་བསྐྲུན་པ་ནི་དམག་སྡེ་བཅོ་བརྒྱད་པའི་དཔུང་སྡེ་བདེ་བླག་ངང་བོད་དུ་བསྐྱོད་པ་དང་། རླངས་འཁོར་རུ་ཁག་བདེ་བླག་ངང་ཤར་གཏོང་ཐུབ་པ་བཅས་ལ་འགན་ལེན་བྱ་ཆེད་ཡིན”ཞེས་བཤད། 
           བློ་མཐུན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིན་རྣམ་གཉིས་ཀྱི་ཕྱོགས་གཅིག་ནས་དཔུང་སྐྱོད་དང་། ཕྱོགས་གཞན་ཞིག་ནས་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་འོག ལྷོ་ནུབ་འགྲིམ་འགྲུལ་པུའུ་ཡིས་འགན་ཁུར་ཏེ་ལྕགས་ཟམ་ཉེ་འདབས་ཀྱི་ཆུ་བོ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་རླངས་འཁོར་ཤར་བགྲོད་ཐུབ་པའི་ལྕགས་ཟམ་དཔྱང་ཟམ་ཨང་དང་པོ་བསྐྲུན་པ་རེད།
འདི་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་རེད།
           བློ་མཐུན་ལིའུ་པོ་ཁྲེང་གིས “རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པ”ཞེས་པའི་ཡིག་འབྲུ་ཆེན་པོ་འགའ་བྲིས་པ་དང་། བློ་མཐུན་ཀྲུའུ་ཏེས་ཟམ་མགོར “ ལེ་དབར་ཁྲི་ཕྲག་གི་རྒྱང་སྐྱོད་དུ་ལྕགས་ཟམ་གྱི་ཉེན་འགག་གསལ་ལེར་དྲན། དམག་སྡེ་གསུམ་པོས་རྒྱང་རིང་མཚམས་ནས་བཙན་རྒྱལ་ལ་འགོག་རྒོལ་བྱས”ཞེས་པའི་ཆ་ཡིག་བྲིས་གནང་བ་རེད།
           ལོ་རབས་བདུན་ཅུ་པའི་དུས་འགོར། མེས་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞུ་དབྱིབས་ཅན་གྱི་ཟམ་པ་ཞིག་ཀྱང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་དུ་བརྒལ་ཞིང་།དེ་ནས་བཟུང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་པ་དེ་དམག་གྲབས་ཟམ་པ་བྱས་ནས་སྲུང་སྐྱོབ་བྱས་པ་དང་། 1999ལོར་ཟམ་པ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོའི་ནང་བཅུག་པ་རེད།
འདི་ནི2014ལོའི་ཟླ9པའི་ཚེས་1ཉིན་སྐྲུན་འགོ་ཚུགས་པ་དང་། 2018ལོའི་ཟླ12པའི་ཚེས31ཉིན་ལས་མཇུག་སྒྲིལ་བའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཟམ་ཆེན་རེད།
འབྲེལ་ཡོད་རྩོམ་ཡིག