ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་ཧིན་མཐའ་མཚམས་ཀྱི་གྲོང་ཁྱེར་ཆུང་ཆུང་གྲོ་མོ། (དང་པོ།)

2019-06-06 འབྲུག་རྒྱལ་མཁར་གྱིས་བསྒྱུར།
གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱི་ཟུར་ཞིག
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོ་མོ་རྫོང་གི་སྤྱིའི་ས་བབ་ནི་ལུང་ཤུར་གྱི་རྣམ་པ་ཡིན་ལ།  མཚོ་ངོས་ལས་མཐོ་ཚད་ཧེ་བག་ཆེན་པོ་ཡོད་པས།  ཕག་རི་དབྱེ་མཚམས་བྱས་ཏེ་གཏན་ནས་མི་འདྲ་བའི་གནམ་གཤིས་རིགས་གཉིས་གྲུབ།  “འཛམ་གླིང་མཐོ་སྒང་གི་གྲོང་རྡལ་ཨང་དང་པོ་”སྟེ་ཕག་རི་གྲོང་རྡལ་གྱི་མཚོ་ངོས་མཐོ་ཚད་སྨི་4360ཡིན་པ་དང་། ཕག་རིའི་ནོར་གནག་ནི་རྒྱང་ནས་བལྟས་ན་ནག་ཐིག་ཆུང་ཆུང་ཞིག་དང་འདྲ་བར་གངས་འདབས་ནས་མངོན་འོང་།  ལྷ་ས་ནས་གྲོ་མོའི་བར་གྱི་གཞུང་ལམ་དེ་གྲོང་རྡལ་བརྒྱུད་ནས་ཡོད་པ་དང་། གཞུང་ལམ་འགྲམ་གཉིས་སུ་ཚོང་ཁང་ཁ་ཐོར་རེ་ཡོད་ལ། ཚོང་རྫས་སྣ་ཚོགས་མིག་ལམ་དུ་ཁྲ་སིལ་སིལ་དུ་སྣང་།  ཕག་རིའི་རྩྭ་ཐང་འདིའི་མཐའ་ཁུལ་གྲོང་རྡལ་ལ་འགྱུར་བ་ཆེན་པོ་བྱུང་འདུག 
ཤར་གསིང་མ་གྲོང་རྡལ་ས་ཁོངས་སུ་བཞུར་བའི་གྲོ་མོ་ཆུ་བོ།
             གྲོ་མོ་ལུང་པ་ནི་དགའ་སྤྲོས་ཁེངས་པའི་ནང་ལོགས་ཀྱི་ཅང་ནན་དང་འདྲ་བ་སྟེ་“བོད་ལྗོངས་ཀྱི་ཅང་ནན་ཆུང་བ་”ཞིག་ཏུ་ངེས་ལ།  རི་ལུང་ཐང་གསུམ་ལྗང་མདོག་གིས་བརྒྱན་པ་དང་། མཐོ་ཚད་དམའ་བའི་སྡོང་ཕྲན་ཡོད་ལ། ཀེ་རེར་ལངས་པའི་སྡོང་རིང་ལྗོན་ཤིང་ཡང་ཡོད།  རི་ངོས་ནས་མར་དཔྱངས་པའི་རྦབ་ཆུ་ཡོད་ལ། གྲོག་ཤུར་དུ་བཞུར་བའི་ཆིལ་ཆིལ་ཆུ་ཕྲན་ཡང་ཡོད། 
             ཤར་གསིང་མ་གྲོང་རྡལ་ནི་གྲོ་མོ་རྫོང་མཁར་ཡོད་ས་ཡིན་ལ། གྲོ་མོའི་ས་ཁོངས་ཀྱི་བཞུར་ཆུ་གཉིས་གནས་འདི་ནས་འདྲེས་པ་དང་། གཅིག་ནི་ཆུ་ཚན་གྱི་ཕ་ས་ཁམ་བུ་ནས་བཞུར་ཡོང་བ་དང་།  གཅིག་ནི་ཕག་རིའི་མཐོ་སྒང་ནས་བཞུར་ཡོང་བ་སྟེ།  མཉམ་དུ་འདྲེས་ནས་གྲོ་མོ་ཆུ་བོ་གྲུབ། འབབ་ཆུའི་གཟར་ཚད་མི་འདྲ་བ་ལས་དྲག་བཞུར་ཆུ་བོ་གྲུབ་ནས་ཤར་གསིང་མའི་རང་བྱུང་གི་སྒྲ་སྐྱེད་ཡོ་ཆས་ལྟ་བུར་གྱུར། 
             ས་ཁྲའི་སྟེང་ནས་གྲོ་མོ་ཡིས་བོད་ལྗོངས་ལྷོ་ནུབ་མཐའ་ཁུལ་དུ་ཕྲ་ལ་རིང་བའི་གཞུ་ཐིག་ཅིག་འཐེན་ཡོད། གྲོ་མོ་ལུང་པས་ཧིན་རྡུ་རྒྱ་མཚོའི་དྲོད་གཤེར་རླུང་རྒྱུན་དལ་གྱིས་བསུས་ཤིང་།  གྲོ་མོ་རྫོང་གི་གྲོ་མོ་ཤང་སྨད་དང་གྲོ་མོ་ཤང་སྟོད་པ། ཕག་མོ་གྲོང་རྡལ།  ཁམ་བུ་བཅས་བརྒྱུད་པ་དང་། ཆེས་ཐག་རིང་ས་མཐའ་མཚམས་དང་སྤྱི་ལི་100ལྷག་ལས་མེད་པའི་སྟོད་སྣ་ཤང་ལ་སླེབས་ཐུབ་ལ།  གཞི་ཁྱོན་ཆེ་བའི་བརླན་སའི་ཁུལ་ཞིག་ཆགས་ཡོད། 
             2006ལོའི་ཡར་སྔོན་དུ་གྲོ་མོའི་མཐའ་མཚམས་ཚོང་དོན་བགྲོད་ལམ་སྒོ་བརྒྱབ་ནས་ལོ་ངོ་40འགོར། ལྷ་ས་ནས་གྲོ་མོར་བརྒྱུད་པའི་ལམ་བར་དུ་གཉན་ཆེན་གདང་ལའི་རི་རྒྱུད་དེད་ན།  ཁྱོད་ཀྱིས་རི་ངོས་སུ་རྐང་རྗེས་ཀྱི་ལམ་ཐིག་རིང་པོ་ཞིག་འཐེན་ཡོད་པ་མཐོང་ཐུབ་ལ། དེ་ནི་སྔོན་ཆད་དྲེལ་གཤར་གྱི་རྗེས་ཤུལ་རེད།  དེ་ནི་ཉམ་ཆུང་བའི་ཁྲག་རྩ་དང་འདྲ་བར། སྔོན་ཆད་ས་འདི་ནས་ཕྱི་ལ་འགྲོ་འོང་བྱེད་པའི་ལོ་རྒྱུས་མཚོན་ཡོད།
             ཤར་གསིང་མ་གྲོང་རྡལ་གྱི་ཞེང་ལ་ཕལ་ཆེར་སྨི་དྲུག་བདུན་ཙམ་ཡོད་པའི་ལམ་གྱི་འགྲམ་གཉིས་སུ་ཚོང་ཁང་ཆུང་ཆུང་བརྒྱ་ཕྲག་དུ་མ་ཡོད་པ་དང་།  སྒོ་ཞེང་ཕལ་ཆེར་སྨི་གསུམ་བཞི་ཡིན་ལ། “ཡུན་ནན་གྱི་སིལ་ཟས་”དང་“ཀེའུ་ཀྲུའུ་རྒྱ་ཁོག”  “བཀྲ་ཤིས་གསེར་དངུལ་ཅ་ལག་ཚོང་ཁང་།”  “གསར་ཁུལ་མགྲོན་ཁང་།” “བོད་ཀྱི་ཇ་མངར་ཁང་།” “ཚོང་ཟོག་སྐྱེལ་འདྲེན་”ལ་སོགས་པ་ཡོད། 
གྲོ་མོ་རྫོང་གི་ལམ་དཀྱིལ་མ།
             གྲོང་ཁྱེར་གྱི་ལམ་དཀྱིལ་མ་ཐད་ཀར་སྲིད་གཞུང་གི་ཐོག་ཁང་ཆེན་མོར་འཐེན་ཡོད་ལ། “གློག་འཕྲིན་ལས་སྒོ་ལས་ཚབ་ཁང་།” “ནང་མ་ཁང་།” “དྲ་ཁང་།” “KTV” “གྲངས་འཛིན་གློག་བརྙན་ཁང་”སོགས་ཡོད་པས། གྲོང་རྡལ་ཆུང་ཆུང་དེ་གྲ་རྒྱས་པའི་རྣམ་པ་ཞིག་མངོན་ཡོང་། 
             ལོ་རེའི་ཟླ་5ནས་10བར་ནི་གྲོ་མོ་མཐའ་མཚམས་ཚོང་དོན་ཚོང་ར་སྒོ་འབྱེད་པའི་དུས་སྐབས་ཡིན་པ་མ་ཟད། གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོ་བསྡུ་བའི་དུས་སྐབས་ལ་ཡང་འཁེལ་ཡོད།  ཤར་གསིང་མ་གྲོང་རྡལ་དུ་མགྲོན་ཁང་བརྒྱ་ཙམ་ཡོད་མོད།  ད་དུང་ཅུང་མི་འདང་བར་སྣང་། 
             མཐའ་མཚམས་ཚོང་དོན་སྒོ་འབྱེད་པ་ནི་གྲོ་མོའི་དཔལ་འབྱོར་ལ་ “སྙིང་ཁབ་”བརྒྱབ་པ་དང་མཚུངས། 
             མཐའ་མཚམས་ཚོང་རར་མི་རྣམས་འཚང་ཁ་ཤིག་ཤིག་བྱེད་པ་དང་། རྒྱལ་ཡོངས་ས་གནས་སོ་སོ་དང་ཧིན་རྡུའི་ཚོང་བ་ཚང་མས་འདི་ནས་རང་གི་འདོད་མོས་དང་མཐུན་པའི་ཚོང་རྫས་འདེམས་བཞིན་ཡོད།
             ལྷ་རྩེ་རྫོང་ནས་ཡོང་བའི་ཉི་མ་ཕུར་སྒྲོན་བཟའ་ཟླ་གཉིས་ཀྱིས་ཞིང་འབྲོག་གི་ཅ་ལག་མང་པོ་ཞིག་ཁྱེར་ནས་གྲོ་མོ་ཚོང་དོན་ཚོང་ར་ནས་བཤམས་སྟེ།“ངས་གོ་ཐོས་ལ་འདི་ནས་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་རྒྱུ་ཡིན་པ་དང་།  ཚོང་དོན་ཚོང་ར་སྒོ་འབྱེད་རྒྱུ་རེད་ཟེར་བས་ང་ཡོང་བ་ཡིན།  འདི་ནི་འཁྲུག་ཆ་དོད་པོ་འདུག་པས།  ཚོང་ཡང་རང་ཤུགས་ཀྱིས་ཡོད།”ཅེས་ཟེར། ལྷ་རྩེ་ནས་ཡོང་བའི་ཉི་མ་ཕུར་སྒྲོན་བཟའ་ཟླ་གཉིས་ཀྱིས་ཞིང་འབྲོག་གི་ཅ་ལག་སྣ་ཚོགས་པ་ཞིག་ཁྱེར་ཡོང་ནས་འདི་རུ་བཤམས་པ་དང་། གདོང་ལ་བདེ་སྐྱིད་ཀྱི་ཉམས་སྣང་གིས་ཁེངས་ནས། “དེ་རིང་ཉིན་གང་པོར་བཙོང་བའི་ཅ་ལག་ནི་ང་ལྷ་རྩེ་ན་ཡོད་དུས་ཀྱི་ལྡབ་གཉིས་ལ་ལོན་ཡོད།”ཟེར།
             “གྲོ་མོའི་མིས་དབུལ་ཕོངས་ཀྱི་སྡུག་མྱངས་མྱོང་མེད།”འདི་ནི་གསར་འགོད་པས་ས་གནས་དེ་གའི་མང་ཚོགས་ལ་བཅར་འདྲི་བྱེད་སྐབས་གོ་རྒྱུ་ཆེས་མང་བའི་སྐད་ཆ་ཞིག་རེད།  དེ་ནི་ཕལ་ཆེར་མཐའ་མཚམས་འགག་སྒོའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ཐོན་དངོས་ཕུན་སུམ་ཚོགས་པའི་ཁོར་ཡུག་གིས་གནས་འདིར་འཚོ་བའི་མི་རྣམས་ལ་དལ་ལྷོད་དང་རང་དབང་སྤྲད་པ་ཡིན་སྲིད། 
             ལོ་ན་45ལ་སོན་པའི་ཨ་ཁུ་ལྷག་པ་ནི་ས་འདིའི་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན། ཁོས་བཤད་རྒྱུར། “ང་ལོ་ན་བཅུ་བཞི་ཙམ་ནས་རྒྱུན་དུ་རི་མགོར་བུད་ཤིང་འཐུ་རུ་སོང་བ་ཡིན་ལ། ལོ་རེའི་ཟླ་བཅུ་པར་རི་རྒྱ་ལུང་རྒྱ་བསྡམས་པ་དང་།  ཕྱི་ལོ་ཟླ་ལྔ་པར་སྒོ་ཕྱེ། མི་གཉིས་གསུམ་བུད་ཤིང་འཐུ་རུ་སོང་ནས། ཉིན་ཁ་ཤས་ནང་རླངས་འཁོར་གཅིག་གི་ཁ་གང་ཐུབ་པ་དང་།  རླངས་འཁོར་གང་སྒོར་བཞི་བརྒྱ་ལྔ་བརྒྱ་བྱས་ནས་བཙོང་བ་ཡིན། དབྱར་ཁར་སླེབས་དུས།  ཁྱིམ་ཚང་ཕལ་ཆེར་རི་མགོར་སོང་ནས་དབྱར་རྩྭ་དགུན་འབུ་དང་། ལྕ་བ།  མ་ཏོག་གངས་ལྟ་བཅས་བརྐོ་བ་དང་། ཡོང་སྒོ་ཧ་ཅང་བཟང་།”ཞེས་ཟེར། ཉེ་བའི་ལོ་འདི་འགའི་རིང་ལ་གྲོ་མོ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་དུ་ཤིང་གཅོད་པ་གཏན་འགོག་བྱས།   ཨ་ཁུ་ལྷག་པས་ནགས་སྲུང་བའི་འགན་ཁུར་བ་དང་།  རི་བོ་ཐང་དཀར་ཕུག་གི་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ལྔ་སྟོང་དང་དྲུག་སྟོང་ཡོད་པའི་ནགས་ཚལ་སྲུང་། ཁོང་གིས་བརྗོད་དོན། དེང་སྐབས་མཐའ་མཚམས་ཚོང་དོན་ཇེ་བཟང་ནས་ཇེ་བཟང་ཡིན་པས། ངས་སང་ལོར་ཁང་པ་གསར་པ་ཞིག་རྒྱག་རྩིས་ཡོད་ལ།  དེ་ནི་སློབ་ཆེན་འགྲིམས་བཞིན་པའི་ངའི་བུ་ལ་སྤྲོད་འཆར་ཡིན།  ལས་ཀ་འདི་ཚར་རྗེས།  ང་ལས་འཁྱུར་ངལ་གསོ་བྱས་ཏེ་རྒན་གསོ་བྱེད་རྒྱུ་ཡིན་ཞེས་ཨ་ཁུ་ལྷག་པས་ཀུ་རེ་དང་བཅས་དེ་ལྟར་བཤད་སོང་། 
             གྲོ་མོ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཛིན་པས་བསྟན་དོན།  བོད་ལྗོངས་ཀྱི་རྒྱལ་ཡོངས་དབུལ་སྒྲོལ་ཐོག་མ་དང་ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱས་པའི་རྫོང་ལྔའི་གྲས་གཅིག་ཡིན་པའི་ཆ་ནས།  2017ལོར་གྲོ་མོ་རྫོང་གིས་ལྗོངས་ཡོངས་ལས་ཐོག་མར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་ཡིན་ལ། 2018ལོར་གྲོ་མོ་ལ་ལྷག་ཏུ་རྒྱལ་ཡོངས་དབུལ་སྒྲོལ་འགག་འཐབ་གྱི་རྩ་འཛུགས་གསར་གཏོད་བྱ་དགའ་དང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་།  རྒྱལ་ཁབ་མི་རིགས་མཐུན་སྒྲིལ་གསར་འཛུགས་དཔེ་སྟོན་ཁུལ་སོགས་ཀྱི་མཚན་སྙན་ཐོབ།  ལོ་དེར་གྲོ་མོ་རྫོང་གིས་ས་གནས་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་77མངོན་འགྱུར་ཐུབ་པ་དང་།  དུས་མཚུངས་ལས་15%འཕར།  དབུལ་སྒྲོལ་ཁྱིམ་ཚང་སྲ་བརྟན་དབུལ་སྒྲོལ་གྲུབ་འབྲས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ནི་སྒོར་11168.17ཡིན་པ་དང་། དུས་མཚུངས་འཕར་ཚད་26.61%ཡིན།  སྔོན་ཆད་བོད་ཀྱི་ལྷོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་གནའ་གྲོང་འདི་ད་ལྟ་མི་རྣམས་དགའ་འོས་པའི་མྱུར་ཚད་ལྟར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
འབྲེལ་ཡོད་རྩོམ་ཡིག