ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱིས་2022ལོར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་3འཛུགས་བསྐྲུན་ཐུབ་རྒྱུར་བརྩོན་ལེན་བྱ་ངེས་ཡིན།

2019-06-11 འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚུན་ལ་བོད་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བའི་མགོ་ལེགས་པོ་འཁྱོངས་ལ། མིག་སྔར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་2དང་རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་3འཛུགས་བསྐྲུན་བྱས་ཚར། ཉེ་བའི་ལོ་འགར་རང་རེའི་ལྗོངས་ཀྱིས་འཕྲོད་བསྟེན་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བ་ནུས་ཤུགས་ཆེན་པོས་བསྒྲུབས་ཏེ། 2022ལོའི་བར་དུ་རྒྱལ་ཁབ་བདེ་ཐང་གྲོང་ཁྱེར་1དང་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་3།  རང་སྐྱོང་ལྗོངས་འཕྲོད་བསྟེན་ཤང་དང་གྲོང་རྡལ་(རྫོང་ཐོག)50འཛུགས་བསྐྲུན་ཐུབ་རྒྱུར་བརྩོན་ལེན་བྱ་ངེས་ཡིན།
            ཉེ་ལམ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ཚོགས་པས་ལྷ་སར་བོད་ཀུའེ་འཕྲོད་བསྟེན་གྲོང་རྡལ་འཛུགས་བསྐྲུན་ཀྱི་ཉམས་མྱོང་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀུའེ་ཀྲུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུའི་གཙོ་འཛིན་ལི་ཆི་ཡོན་དང་སྐོར་ཞིབ་གཞོན་པ་ལི་ཡེ་ཧྭ། དེ་དང་འབྲེལ་ཡོད་ཀྱི་ལས་སྒྲུབ་པ་བཅས་བཞུགས་མོལ་ལ་ཞུགས།
            ཚོགས་འདུར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཝང་ཡོན་ཐེན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚུན་ལ་བོད་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བའི་མགོ་ལེགས་པོ་འཁྱོངས་ལ། མིག་སྔར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་2དང་རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་3འཛུགས་བསྐྲུན་བྱས་ཚར། གྲོང་ཁྱེར་དང་ས་གནས་སོ་སོར་འཕྲོད་བསྟེན་གྲོང་རྡལ་འཛུགས་བསྐྲུན་བྱས་པའི་གྲུབ་འབྲས་མུ་མཐུད་དུ་བརྟན་པོར་གཏོང་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བ། ཁོར་ཡུག་ཡག་བཙོག་གི་ཆུ་ཚད་དང་གྲོང་མིའི་ཤེས་རིག་འཕྲོད་བསྟེན་གྱི་བྱང་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད་ཟེར།
            ཡང་ཝང་ཡོན་ཐེན་གྱིས་གལ་བོ་ཆེ་ལ་ནན་ཏན་གྱིས་བཤད་རྒྱུར། རིམ་པ་རྗེས་མར་ལྗོངས་འཕྲོད་བདེ་ཨུས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་སྙིང་སྟོབས་དང་《བདེ་ཐང་གི་ཀྲུང་གོ་2030ཞེས་པའི་འཆར་འགོད་ཀྱི་རྩ་འཛིན》གཏིང་ཟབ་པར་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ནས། འཕྲོད་བསྟེན་གྲོང་རྡལ་གཏིང་ཟབ་པར་འཛུགས་བསྐྲུན་བྱེད་པ་དང་། བདེ་ཐང་དང་གཞི་སྡོད་ལ་འཚམས་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་བསྐྲུན་བྱ་རྒྱུ་ཡིན། འཕྲོད་བསྟེན་གྲོང་ཁྱེར་འཛུགས་བསྐྲུན་བྱས་ཏེ། སྤྱི་ཚོགས་བདེ་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་པར་སྐུལ་འདེད་བྱ་བ་རྒྱུན་འཁྱོངས་སྒོས། འཕྲོད་བསྟེན་གྲོང་རྡལ་གྱི་ཁ་གྲངས་དང་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཡུན་རིང་ནུས་ལྡན་གྱི་སྒྲིག་གཞི་དང་འགུལ་རྣམ་དོ་དམ་འཐུས་ཚང་ཡོང་བ་བྱས་ཏེ། མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་པའི་སྔར་ལས་ལྷག་པའི་བདེ་ སྐྱིད་ཀྱི་འཚོ་བའི་ཕུགས་བསམ་དེ་འབད་བརྩོན་གྱི་དམིགས་ཡུལ་དུ་འཇོག་དགོས། བོད་སྐྱོར་གྱི་ལེགས་ཆ་ལེགས་པར་བེད་སྤྱད་དེ་བར་ཁྱད་གསབ་པ་དང་། གསར་གཏོད་དང་རྒྱ་བསྐྱེད་རྒྱུན་འཁྱོངས་བྱེད་པ། འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བ་ཤུགས་ཆེན་པོས་བསྒྲུབ་ཏེ། 2022ལོའི་བར་དུ་རྒྱལ་ཁབ་བདེ་ཐང་གྲོང་ཁྱེར་1དང་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་3། རང་སྐྱོང་ལྗོངས་འཕྲོད་བསྟེན་ཤང་དང་གྲོང་རྡལ་(རྫོང་ཐོག)50འཛུགས་བསྐྲུན་ཐུབ་རྒྱུར་བརྩོན་ལེན་བྱ་ངེས་ཡིན་ལ། གྲོང་ཤང་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་དང་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་གྱི་བྱ་བ་སོ་སོ་རིམ་པ་གསར་པ་ཞིག་ཏུ་སླེབས་ཐུབ་པར་འབད་བརྩོན་བྱ་དགོས་ཞེས་ཟེར།
            ཀུའེ་ཀྲུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུའི་གཙོ་འཛིན་ལི་ཆི་ཡོན་གྱིས་བཤད་རྒྱུར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུའི་ངོ་སྤྲོད་བརྒྱུད་ནས་ཐེངས་འདིར་བོད་ལྗོངས་སུ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བ་སྒྲུབ་པར་ཚོགས་པ་ཁྲིད་དེ་རོགས་རམ་དུ་ཡོང་བ་འདིས། གཞིས་ཀ་རྩེ་དང་ལྷོ་ཁ། ཆབ་མདོ་བཅས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བར་ཞིབ་འཇུག་དང་མཛུབ་སྟོན་བྱས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གཉིས་ཏེ་ཉིང་ཁྲི་དང་ལྷ་ས་ལའང་སྐོར་བ་བྱེད་ཐུབ་སོང་བས། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པའི་བྱ་བར་ཤིན་ཏུ་མཐོང་ཆེན་བྱེད་བཞིན་པའི་ཚོར་བ་ཟབ་མོ་བྱུང་། དེ་དང་མཉམ་དུ་ལི་ཆི་ཡོན་གྱིས་ད་དུང་ཀུའེ་ཀྲུའུ་ཡིས་ཉེ་བའི་ལོ་འགའ་ཤས་ནས་བཟུང་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་བསྐྲུན་བྱེད་པ་གནད་དུ་བཟུང་ནས། རྨང་གཞིའི་སྒྲིག་བཀོད་སྒྱུར་བཅོས་དང་མཐོར་འདེགས། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་ལེགས་བཅོས། སྤྱི་པའི་འཕྲོད་བསྟེན་དང་ཟས་རིགས་བདེ་འཇགས་ཀྱི་འགན་སྲུང་། འཕྲོད་བསྟེན་གྲོང་ཚོ་དང་འཕྲོད་བསྟེན་གཞིས་ཁུལ་འཛུགས་སྐྲུན། དམངས་ཡོངས་ཀྱི་བདེ་ཐང་གི་ཤེས་རིག་བྱང་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་“ལས་འགུལ་ཆེན་པོ་ལྔ”ཞེས་པ་སྤེལ་རྒྱུར་ནུས་ཤུགས་ཆེན་པོ་བཏོན་པའི་སྐོར་དང་། བདེ་ཐང་ཀུའེ་ཀྲུའུ་འཛུགས་སྐྲུན་བྱས་པ་ལས་བྱུང་བའི་གྲུབ་འབྲས་མུ་མཐུད་དུ་སྤེལ་བ་དང་དེའི་འབྲེལ་ཡོད་བྱ་བའི་ཉམས་མྱོང་སྐོར་བཅས་ངོ་སྤྲོད་གནང་།
            ལི་ཆི་ཡོན་གྱིས་བཤད་རྒྱུར། རྗེས་ཕྱོགས་བརྗེ་རེས་མཉམ་ལས་སྔར་བས་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་དང་ལྗོངས་གཉིས་བར་གྱི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་བྱ་བར་བདེ་ཐང་གི་འབྱུང་བ་གསར་པ་དང་དོན་སྙིང་གསར་པ་བསྣན་ཏེ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཉམས་མྱོང་གསོག་པ་དང་ལམ་བུ་འཚོལ་དགོས་ཟེར།
འབྲེལ་ཡོད་རྩོམ་ཡིག