ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་བཅུ་གསུམ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

2019-06-14
          ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་ཉེ་དུས་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་ཞིང་། ཟླ་6ཚེས་11ཉིན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་པ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲུའུ་ཝུའེ་ཆུན་དང་ཙུའུ་ཀྲང་གཞོན་པ་ཀྲང་ཀྲེ་ཅེས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྐུལ་སློང་གསུང་བཤད་གནང་བ་དང་བློ་བཟང་རྒྱལ་མཚན་དང་ཏིང་ཡེ་ཤན་ཕེབས་ཤིང་། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ་རེད།
          ཀྲུའུ་ཝུའེ་ཆུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། བླང་བྱ་ཁ་གསལ་ཡང་བཏོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ད་ཐེངས་ཀྱི་འཐབ་རྩོད་ལས་མངོན་པའི་རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་འབྲེལ་བ་ཡོད་པ་དེར་ངོས་འཛིན་གང་ལེགས་བྱས་ཏེ་རང་རྟོགས་ངང་ཆེད་དོན་འཐབ་རྩོད་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཞག་ནས་ཇུས་འགོད་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། ལས་ཀའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་བཅུ་གསུམ་པ་ད་ཐེངས་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་པའི་གཙོ་གནད་ནི་ཆབ་སྲིད་ཀྱི་ཚུགས་གནས་དང་། ཁྲིམས་བཞིན་ཆད་གཅོད་ནན་པོ། ཕྱོགས་བསྡུས་བཅོས་སྐྱོང་། མཐིལ་རྟོགས་བརྟག་དཔྱད་མཐར་ཕྱིན། རྩ་འཛུགས་འཛུགས་སྐྱོང་། རྩ་འཛུགས་ཀྱི་འགོ་ཁྲིད་སོགས་ལྟ་སྐུལ་མཛུབ་ཁྲིད་ཀྱི་གཙོ་གནད་ལ་དམིགས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད། ལྟ་སྐུལ་བྱེད་ཀྱིན་དག་ཐེར་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ངང་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་དད་སེམས་བརྟན་པོ་བཙུགས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།
          ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་དུས་གནས་རྟོགས་དཔྱོད་གནང་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དེར་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་ལ་རང་འགུལ་ངང་རྒྱབ་སྐྱོར་དང་། གཞོགས་འདེགས་ཧུར་ཐག ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་བདེ་བླག་ངང་སྤེལ་རྒྱུ་དང་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་བྱས་ཏེ་གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས་དག་ཐེར་གྱི་གྲུབ་འབྲས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
          ཚོགས་འདུའི་ཐོག་ཀྲང་ཀྲེ་ཅེ་ཡིས་ལྟ་སྐུལ་མཛུབ་ཁྲིད་ལ་གཞོགས་འདེགས་དང་། ལྟ་སྐུལ་བྱེད་ཀྱིན་དག་ཐེར། ཆ་འཕྲིན་ཡོངས་བསྒྲགས། ཆ་རྐྱེན་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
          ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ཁོངས་མི་དང་བོད་རང་སྐྱོང་ལྗོངས་ཏང་སྲིད་ཚན་ཁག་གི་འབྲེལ་ཡོད་ཁོངས་མི་ཚོགས་འདུར་ཕེབས་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོ་དང་། ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བ་གཙོ་བོ། ལྷ་ས་གྲོང་ཁྱེར་གྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཚན་ཁག་གི་འབྲེལ་ཡོད་ཁོངས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་ཆུས་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ས་གནས་ཁག་ཏུ་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
          བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་བོད་དུ་བཅའ་སྡོད་ཀྱི་དུས་ཚོད་ཉིན་23རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅའ་སྡོད་བྱེད་རིང(2019ལོའི་ཟླ་6ཚེས་10ཉིན་ནས་ཟླ་7ཚེས་2ཉིན་བར)སྡོད་བྱའི་ཁ་པར་ཨང་གྲངས་0891—6860579(ཐད་སྦྲེལ་ཁ་པར་བཞི་ཡོད)དང་ཆེད་དོན་སྦྲག་སྒམ་ཆེད་མངགས་བཙུགས་ཡོད། ལྷ་ས་གྲོང་ཁྱེར་གྱི་སྦྲག་སྒམ་ཨང་རྟགསA002དང་སྦྲག་ཨང་850000རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཐེར་འདོན་གོང་ཞུའི་ཁ་པར་ལེན་པའི་དུས་ཚོད་ཉིན་ལྟར་ཆུ་ཚོད8∶00—20∶00བར་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འགན་འཁྲི་གཞིར་བཟུང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ནག་གཤེད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཡིག་བསྐུར་དང་ཁ་པར་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག