ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་ནང་དུ་ཕྱིར་ལོག་པའི་སྨན་པ་ཀུའུ་ཧོང་སྟེ། ལོ་བཅོ་ལྔར་བརྟན་སྲུང་བྱས་ནས་མཐོ་སྒང་དུ་ནང་སེམས་ཀྱི་འཇའ་འོད་བསྐྲུན་པ།

2019-06-14 འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཀུའུ་ཧོང་གིས་བོད་རང་སྐྱོང་ལྗོངས་དཔལ་མགོན་རྗོང་མི་དམངས་སྨན་ཁང་དུ་ཡུལ་དེའི་ལྷན་སྐྱེས་སེམས་ནད་ཅན་གྱི་བྱིས་པར་བརྟག་བཤེར་བྱེད་པ། (2015ལོའི་ཟླ་10པའི་ཚེས་8ཉིན་པར་བླངས།)
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ལམ་པེ་ཅིང་ཨན་ཀྲིན་སྨན་ཁང་བྱིས་པའི་སེམས་ནད་ཚན་ཁག་གི་སྨན་པ་ཀུའུ་ཧོང་དང་། པེ་ཅིང་གི་བོད་སྐྱོར་སྨན་བཅོས་རུ་ཁག ལས་རིགས་གཞན་པའི་བོད་སྐྱོར་ལས་བྱེད་པ་བཅས་ཀྱི་སྔོན་ཐོན་ལས་དོན་ལ་གཞི་བཅོལ་ནས་གསར་རྩོམ་བྱས་པ་ལས་གྲུབ་པ་སྟེ། བོད་སྐྱོར་སྨན་པས་ལྷན་སྐྱེས་སེམས་ནད་ཅན་གྱི་བྱིས་པ་སྐྱོབ་པའི་གཏམ་རྒྱུད་བཤད་པའི་ཟློས་གར་《བོད་ཡུལ་གྱི་འཇའ་ཚོན》ཞེས་པའི་2019ལོའི་པར་གཞི་རྒྱལ་ཡོངས་ས་གནས་ཟློས་གར་འཁྲབ་སྟོན་ལྟེ་གནས་སུ་ཐོག་མར་བསྟན། 
             《བོད་ཡུལ་གྱི་འཇའ་ཚོན》ཞེས་པའི་འཁྲབ་གཙོའི་མ་ཕྱི་ཀུའུ་ཧོང་གིས་ལོ་བཅོ་ལྔའི་རིང་ལ་ཕྱི་རྒྱལ་ནས་སློབ་སྦྱོང་ཡག་པོ་བྱས་རྗེས་ཕྱིར་རྒྱལ་ནང་དུ་ལོག་ནས་བྱ་བ་ལས་པ་དང་། བྱིས་པའི་སེམས་ནད་སྨན་བཅོས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་མི་སྣར་གྱུར་པའི་ཁོ་མོས་སྔར་ཆེད་མཁས་སྨན་བཅོས་རུ་ཁག་བཅུ་ལྷག་ཁྲིད་ནས་བོད་ནང་ཡོང་སྟེ་བྱིས་པ་ཁྲི་ལ་ཉེ་བ་ཙམ་ལ་ལྷན་སྐྱེས་སེམས་ནད་བརྟག་བཅོས་བྱས།  ཀུའུ་ཧོང་གིས་སྨན་པ་ཞིག་ཡིན་ཕྱིན་གང་དུ་ནད་པ་ཡོད་ན་དེ་རུ་འགྲོ་དགོས། ངས་ད་ལྟ་རང་ཉིད་དང་བོད་གཉིས་ཁ་འབྲལ་ཐབས་མེད་ཅིང་སེམས་ཐོགས་ས་ཞིག་ཏུ་གྱུར་ཡོད་པ་ཚོར་འོང་གི་འདུག་ཅེས་ཟེར།
དངོས་གྲུབ་དབང་མོའི་(མདུན་གྲལ་ལས་གཡོན་གྱི་དང་པོ།)ཁྱིམ་མི་དང་སྨན་པ་ཀུའུ་ཧོང་(རྒྱབ་གྲལ་ལས་གཡོན་གྱི་དང་པོ།)གི་མཉམ་པར།
དངོས་གྲུབ་དབང་མོ་གཅེན་གཅུང་པེ་ཅིང་ལ་བསྐྱར་དུ་བརྟག་དཔྱད་ལ་ཡོང་དུས་ཁྱིམ་མི་ཡོངས་དང་ཀུའུ་ཧོང་བཅས་མཉམ་དུ་བསྐྱོན་པའི་འདྲ་པར། 
“ངས་ཁྱེད་ལ་ཨ་མ་ཀུའུ་ཞེས་བོས་ན་ཆོག་གམ།”
             2006ལོར་པེ་ཅིང་ཨན་ཀྲིན་སྨན་ཁང་གི་བྱིས་པའི་སེམས་ནད་ཚན་ཁག་དུ་བོད་ནས་ཡོང་པའི་ནད་པ་སྐོར་ཞིག་ཐོན། ཉིན་ཞིག་ལ་ཕ་ཞིག་གིས་བུ་མོ་ཁྲིད་ནས་ཀུའུ་ཧོང་གི་གཞུང་སྒྲུབ་ཁང་དུ་ཡོང་བ་དང་། ཁྱེད་ཀྱིས་ཁོ་མོ་ངོ་ཤེས་སམ་ཞེས་ཕ་དེས་བུ་མོའི་མགོ་ལ་བྱིལ་བྱིལ་གཏོང་ཞོར་དུ་ཀུའུ་ཧོང་ལ་དེ་ལྟར་དྲིས་བྱུང་། ཀུའུ་ཧོང་གིས་ག་དུས་ཤིག་ལ་བྱིས་པ་འདིར་འཕྲད་པ་ཕྱིར་དྲན་བྱས། ཏོག་ཙམ་གྱི་རྗེས་ནས་ཕ་དེས་མོ་ལ་ཁྱེད་ཀྱིས་ལྷ་སར་བཤག་བཅོས་བྱེད་པའི་དུས་སུ་ངས་བྱིས་པ་ཞིག་ཁྲིད་ནས་ཡོང་བ་ཡིན། འདི་ནི་ནད་ལྕི་མོ་ཕོག་ཡོད་པའི་བྱིས་པ་དེ་རེད། ཁྱེད་ཀྱིས་མོ་བསྐྱབས་སོང་། མོ་རྗེས་སུ་ཇེ་དགར་སོང་སྟེ་པེ་ཅིང་དུ་ཡོང་ནས་སྨན་བཅོས་བྱ་བའི་གོ་སྐབས་བྱུང་ཞེས་ཟེར། 
             དུས་ཚོད་ལོ་ཕྱེད་ཀྱི་སྔོན་དུ་སྣུར་བ་ན་པེ་ཅིང་ནས་ཡོང་བའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ལྷན་སྐྱེས་སེམས་ནད་བརྟག་བཤེར་བྱེད་སྒང་ཡིན་ལ། བརྟག་དཔྱད་ཁང་གི་ཕྱི་ནང་ཡོངས་ལ་མི་ཚོགས་ཀྱིས་ཁེངས་འདུག དུས་དེར་ནད་ཁང་དུ་ཉལ་འཁོར་ཞིག་དེད་ནས་ཐོན་པ་དང་སྟེང་དུ་བུ་མོ་ཆུང་ཆུང་ཞིག་ཉལ་འདུག མོའི་ལུས་པོ་ཡོངས་རྫོགས་སྐྲངས་ཏེ་ན་ཚ་ཤིན་ཏུ་ལྕི། བརྟག་བཤེར་བྱེད་བཞིན་པའི་ཀུའུ་ཧོང་གིས་ལམ་སེང་བུ་མོ་ཆུང་ཆུང་དེར་ནད་བརྟག་བྱས་པ་དང་། བྱིས་པ་དེ་ལ་ལྷན་སྐྱེས་སེམས་ནད་ཡོད་པ་དང་མིག་སྔར་སེམས་ཟུངས་ཉམས་ཤིང་གློ་ཚད་ཡོད་པ། སྨན་ལེགས་པོ་བཏང་མེད་པ་བཅས་ཤེས། ཁོ་མོས་མྱུར་དུ་བུ་མོ་ཆུང་ཆུང་དེར་བརྟག་བཅོས་བྱས་པ་དང་སྨན་བཏང་། བོད་སྐྱོར་སྨན་བཅོས་རུ་ཁག་ལྷ་ས་དང་ཁ་བྲལ་དུས། ཀུའུ་ཧོང་གིས་བུ་མོ་ཆུང་ཆུང་དེ་ཇེ་དགར་ཕྱིན་པ་ཐོས་རྗེས་སེམས་བདེ་རུ་སོང་། 
             ད་ལྟ་དངོས་གྲུབ་དབང་མོ་པེ་ཅིང་དུ་སྨན་བཅོས་བྱེད་པར་ཡོང་ཐུབ་ནའང་། ཀུའུ་ཧོང་གིས་མོའི་གནས་ཚུལ་དེ་འདྲ་མི་ལེགས་པ་དང་། ལྷན་སྐྱེས་སེམས་ནད་ཡོད་པ་ལས་གཞན་ཀླད་པའི་འཕྱང་གཟུགས་སྐྲན་ཡང་ཕོག་འདུག་པ་ཤེས། རྗེས་སུ་ཀུའུ་ཧོང་གིས་མོར་བཤག་བཅོས་བྱས་ཏེ་ལེགས་འགྲུབ་བྱུང་། སྨན་ཁང་དུ་སྡོད་དུས་དངོས་གྲུབ་སྒྲོལ་མ་ཉིན་རྒྱུན་དུ་ཀུའུ་ཧོང་གི་གཞུང་སྒྲུབ་ཁང་དུ་སོང་ནས་ཁོ་མོ་དང་ཁ་བརྡ་བྱེད་པ་དང་། ནམ་རྒྱུན་ཁོ་མོའི་ཉན་བརྟག་ཡོ་ཆས་ཐོགས་ཏེ་བྱིས་པ་གཞན་རྣམས་ལ་སྨན་པའི་ལད་མོ་ཡང་བྱེད། དགོང་མོ་ཞིག་ལ་དངོས་གྲུབ་སྒྲོལ་མས་ཀུའུ་ཧོང་ལ། “ངས་ཁྱེད་ལ་ཨ་མ་ཀུའུ་ཞེས་བོས་ན་ཆོག་གམ། ངའི་སྔོན་གྱི་ཕུགས་བསམ་ནི་གཞས་པ་ཞིག་བྱ་རྒྱུ་ཡིན་མོད། རྗེས་སུ་ང་ནར་སོན་ན་ཨ་མ་ཀུའུ་དང་འདྲ་བར་སྨན་པ་ཞིག་ལས་གཞས་པ་ཞིག་བྱ་རྒྱུ་མིན་ཞེས་བཤད། ”ཁོ་མོས་“ལོས་ཆོག ངས་ཁྱོད་ལ་ཁས་ལེན་བྱེད། ཁྱོད་ཀྱིས་ནམ་ཞིག་སྨན་པའི་སློབ་གླིང་དུ་རྒྱུགས་འཕྲོད་དུས་སུ་ཨ་མ་ཀུའུ་ངས་ཁྱོད་ལ་གློག་ཀླད་ཅིག་སྟེར་ངེས་”ཞེས་བཤད། དངོས་གྲུབ་སྒྲོལ་མའི་ལག་ཏུ་གཞན་གྱིས་བྱིན་པའི་སྨྱུ་གུ་ཞིག་དམ་པོར་འཆང་ཞིང་དལ་མོར་ཀུའུ་ཧོང་ལ་སྤྲད་བྱུང་། རྗེས་སུ་དངོས་གྲུབ་སྒྲོལ་མ་དང་ནད་གྲོགས་དག་སྨན་བཅོས་བྱས་ཚར་ཏེ་བོད་དུ་ཕྱིར་ལོག་དུས། ཀུའུ་ཧོང་དང་ལས་གྲོགས་རྣམས་ཀྱིས་འབབ་ཚིགས་སུ་སྐྱེལ་མ་བྱས། ཁོ་མོ་དང་དངོས་གྲུབ་སྒྲོལ་མ་གཉིས་ལས་གཅིག་འཁོར་སྒམ་གྱི་ཕྱི་དང་གཅིག་ནང་དུ་ཡོད་དེ། ལག་ཟུང་དྲ་མས་བར་བཅད་དེ་ཕན་ཚུན་རེག་པ་དང་། བུ་མོ་ཆུང་ཆུང་གི་མཆུ་དབྱིབས་ལས་ཐེངས་དུ་མར་ཨ་མ་ཀུའུ་བདེ་མོ་བྱོས་ཞེས་ལབ་ཀྱིན་འདུག དྲ་མའི་ཕྱི་རོལ་དུ་ཀུའུ་ཧོང་གི་མིག་མཐར་རང་དབང་མེད་པར་མཆི་མ་འཁྱིལ་བྱུང་།  
ཀུའུ་ཧོང་གིས་འཆི་མེད་ལྷ་མོར་ལྷན་སྐྱེས་སེམས་ནད་ཀྱི་བཤག་བཅོས་ཐོག་མ་བྱེད་བཞིན་པ།
“ཨ་ནེ་ཀུའུ། ངས་ཁྱེད་རང་དྲན།”
             “མིང་ལ་འཆི་མེད་ལྷ་མོ་ཞེས་འབོད་པའི་ལྷན་སྐྱེས་སེམས་ནད་ཅན་གྱི་བྱིས་པ་ཞིག་ཡོད་པ་དེ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནས་ཡོང་བ་དང་། སྐབས་དེར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་པ་བསྟེན་ནས་ཁྱིམ་གྱི་གསོག་དངུལ་ཡོངས་རྫོགས་བརླག་ཚར། ལྷ་ས་ནས་ཀྱང་ཐེངས་ཤིག་ནད་ཀྱིས་འཆི་ལ་ཉེ་བ་བྱུང་། རྗེས་སུ་བོད་སྐྱོར་ལས་བྱེད་པའི་སྤྲོ་སེམས་འཁོལ་བའི་རོགས་རམ་དང་ངོ་སྤྲོད་བྱས་པ་བརྒྱུད་ནས་ཨན་ཀྲིན་སྨན་ཁང་དུ་བསྐོར། འཆི་མེད་ལྷ་མོ་ཐོག་མར་ཡོང་དུས་སེམས་ཟུངས་ཉམས་ཞན་ཚབས་ཆེན་བྱུང་ཡོད་ལ། ང་ཚོས་གཟའ་འཁོར་གཉིས་ཀྱི་དུས་ཡུན་བརྒྱུད་ནས་མོར་སྨན་བཅོས་བྱས་མོད་ད་དུང་ལུད་པ་ཆེན་པོ་ལུད་བཞིན་འདུག བཤག་བཅོས་ཐེངས་དང་པོའི་རྗེས་སུ་མོའི་གནས་ཚུལ་ཇེ་དགར་སོང་། དེ་ནས་གཟའ་འཁོར་གཅིག་འགོར་རྗེས་བཤག་བཅོས་ཐེངས་གཉིས་པ་ལེགས་འགྲུབ་བྱུང་བ་དང་བྱིས་པ་དེ་སངས་དྲག་ཏུ་གྱུར་སོང་།” 
ཀུའུ་ཧོང་གིས་འཆི་མེད་ལྷ་མོར་གོན་པ་གྱོན་པ།
འཆི་མེད་ལྷ་མོར་གཤག་བཅོས་ཐེངས་གཉིས་བྱས་པའི་ཀུའུ་ཧོང་གིས་ལྷ་མོ་ཆུང་ཆུང་པང་དུ་འཛིན་པ། (2015ལོའི་ཟླ་1པའི་ཚེས་12ཉིན་པར་བླངས།)
             འཆི་མེད་ལྷ་མོ་པེ་ཅིང་དུ་སྨན་བཅོས་ལ་ཡོང་དུས་ཁྱིམ་གྱི་གསོག་དངུལ་ཡོངས་རྫོགས་བརླག་ཚར་འདུག སེམས་ཟུངས་ཉམས་ཞན་དང་བཤག་བཅོས་ཐེངས་གཉིས་ཀྱི་སྨན་རིན་ལ་སྒོར་ཁྲི་8དགོས་པ་རེད། བྱིས་པའི་གནས་ཚུལ་ཤེས་རྗེས་ཀུའུ་ཧོང་གིས་གྲོགས་པོ་དག་ལ་རོགས་རེས་བྱ་བར་སྐུལ་ཏེ། ཁེ་ལས་དང་སྤྱི་ཚོགས་ཞལ་འདེབས་བརྒྱུད་ནས་སྔ་ཕྱིར་བྱིས་པའི་སྨན་རིན་ཡོངས་རྫོགས་བསགས། ཁོ་མོས་གལ་ཏེ་བྱིས་པར་གཤག་བཅོས་བྱེད་མ་ཐུང་ཚེ། ཕྱིར་ཡུལ་དུ་ལོག་པ་ན་ཆམ་པ་ཐེངས་ཤིག་གི་རྐྱེན་གྱིས་སེམས་ཟུངས་ཉམས་ཞན་གྱིས་སྲོག་ཤོར་འགྲོ་བའི་ཉེན་ཁའང་ཡོད། འོན་ཀྱང་བཤག་བཅོས་ཀྱི་རྗེས་སུ་མོ་ནི་དབུགས་འགགས་ལ་ཉེ་བའི་བྱིས་པ་ཞིག་ནས། གླུ་ལེན་པ་དང་ཞབས་བྲོ་རྒྱག་ཐུབ་ཅིང་རྒྱུན་ལྡན་ངང་སློབ་གྲྭར་འགྲོ་ཐུབ་པ་ཞིག་ཏུ་གྱུར། ཚེ་སྲོག་ཅིག་འདི་ལྟར་བསྐྱབས་པས་ཉེ་འཁོར་གྱི་གྲོགས་པོ་ཚོས་ཀྱང་ཁོ་ཚོར་རོགས་རེས་བྱ་བར་སྤྲོ་སེམས་འདུག་ཅེས་ཟེར། 
འཆི་མེད་ལྷ་མོ།
             འཆི་མེད་ལྷ་མོར་བཤག་བཅོས་ལེགས་འགྲུབ་བྱུང་རྗེས། མོའི་ཨ་ཕས་ནམ་རྒྱུན་ཀུའུ་ཧོང་ལ་བུ་མོའི་འདྲ་པར་བསྐུར་ཡོང་བ་རེད། ཁོ་མོས་ང་ལ་བུ་མོ་སྙིང་རྗེ་མོ་དེའི་པར་ཤིན་ཏུ་མང་པོ་ཡོད། ལོ་གཉིས་ཀྱི་བྱིས་པ་ཆུང་ཆུང་ཞིག་ནས་ད་ལྟར་རྒྱུན་ལྡན་གྱི་བྱིས་པ་གཞན་དག་དང་འདྲ་བར་དཔེ་ཁུག་ཁུར་ནས་སློབ་གྲྭར་འགྲོ་ཞིང་། བྱིས་པ་དེ་བདེ་ཐང་ངང་འཚར་ལོངས་བྱུང་ཡོད་པ་མཐོང་། ཆེས་ཐོག་མར་མོས་ཨ་ནེ་མ་གཏོགས་འབོད་མི་ཤེས། ད་ལྟར་ཐེངས་རེ་རེ་ལ་ཨ་ནེ་ཀུའུ་ངས་ཁྱེད་རང་དྲན་ཞེས་བཤད་ཡོང་ཞེས་ཟེར། ཀུའུ་ཧོང་གིས་བརྙན་ནང་གི་འཆི་མེད་ལྷ་མོའི་བཟོ་ལྟར་ལད་མོ་བྱེད་ཅིང་མིག་ནང་དྲོད་ཁོལ་གྱིས་ཁེངས་འདུག
སེམས་འགུལ་ཐེབས་པའི་དུས་སྐབས་དེ་དག
             ཉེ་བའི་ཐེངས་བཅུ་ལྷག་གི་བོད་བསྐྱོད་སྐྱོབ་བཅོས་ཀྱི་བརྒྱུད་རིམ་ཁྲོད། དུས་སྐབས་མི་ཉུང་བ་ཞིག་གིས་ཀུའ་ཧོང་དང་རུ་ཁག་ལ་སེམས་འགུལ་ཐེབས་སུ་བཅུག ཐེངས་ཤིག་ལ་ཀུའུ་ཧོང་གིས་རུ་ཁག་ཁྲིད་དེ་ལྷ་ས་རུ་ཉི་མ་གཅིག་ལ་བཤག་བཅོས་སྟེགས་བུ་བདུན་བཀོད་སྒྲིག་བྱས། དེའི་ཁྲོད་དུ་ནད་པ་གཅིག་ནི་ཅུང་དམིགས་བསལ་བ་ཞིག་རེད། བརྙན་རིས་ལས་ཤིན་ཏུ་སྦོམ་པའི་འགུལ་རྩའི་སྦུབས་ལམ་ཟུམ་མེད་པ་དང་། བཤག་བཅོས་སྔོན་གྱི་བརྟག་དཔྱད་ཀྱི་གནས་ཚུལ་དང་མི་འདྲ་བ་རེད། སྐབས་དེར་བྱིས་པ་འདི་བཤག་བཅོས་སྟེགས་བུ་ལས་བབས་ཏེ་པེ་ཅིང་ལ་ཁྲིད་དེ་སྨན་བཅོས་བྱེད་དགོས་ཀྱི་འདུག ང་ནད་ཁང་ལས་བུད་དེ་ཁྱིམ་བདག་ལ་གནས་ཚུལ་བཤད་སྐབས། ཁོ་ཚོས་ཅི་ཡང་མ་བཤད་ཀྱང་མིག་མདངས་ལས་ཕངས་སེམས་ཆེན་པོ་མངོན་པ་དང་། བྱིས་པ་འདི་འདྲའི་མང་པོ་ཞིག་གི་བཤག་བཅོས་ལེགས་འགྲུབ་བྱུང་ནའང་། ངའི་བྱིས་པ་གཅིག་པུ་ཅིའི་ཕྱིར་མ་ཐུབ་པ་ཡིན་ནམ། སྐབས་དེར་སྨན་པ་དག་ལ་གནོན་ཤུགས་ཆེན་པོ་འདུག ཀུའུ་ཧོང་དང་ལས་རོགས་པས་གྲོས་བྱས་ཏེ། འོས་འཚམས་ཀྱི་ལག་ཆ་མེད་ཀྱང་གསར་གཏོད་བྱས་ནའང་མི་ཆོག་པ་མེད། མཐའ་མར་ཁོ་ཚོས་གཅོད་བཀག་སྒྲིག་ཆས་ཅུང་ཆེ་བ་ཞིག་གདམས་ནས་ཡ་མ་བརླར་འགྱུར་བའི་ཁྲག་རྩའི་སྒོ་བཀག་པ་དང་བཤག་བཅོས་ལེགས་འགྲུབ་བྱུང་། 
ཀུའུ་ཧོང་(གཡས།)གིས་པེ་ཅིང་དུ་མདོག་ལྡན་ཁྲའོ་སློབ་སྦྱོང་བྱེད་པར་ཡོང་བའི་བོད་ཀྱི་སྨན་པ་ཚངས་སྤྱོད་དང་གླེང་མོལ་བྱེད་པ། (2015ལོའི་ཟླ་5པའི་ཚེས་10ཉིན་པར་བླངས།)
             དེ་དང་རིགས་འདྲ་བའི་དཀའ་ཁག་མང་པོ་ཡོད་དེ། སྟབས་ལེགས་པ་ནི་ཚང་མ་ཉེན་ཁ་ལས་གཡོལ་ཐུབ་པ་བྱུང་། “ཁོ་མོས་ཐོག་མར་ལྷ་སར་ཐོན་དུས་སྨན་བཅོས་སྒྲིག་ཆས་དང་ལག་ཆ་ཚང་མ་ཅུང་རྗེས་ལུས་རེད། མིས་ཀྱང་འདང་གི་མི་འདུག ལོ་འདི་དག་ལ་ང་ཚོས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འདྲེན་སྦུག་ཁང་རྙིང་པ་ཞིག་ནས་འདྲེན་སྦུག་ཁང་གསར་པ་བཙུགས་པ་དང་། ཉན་ཁྲའོ་སྨན་པ་དང་བྱིས་པའི་སེམས་ནད་ཚན་ཁག་གི་སྨན་པ་སྐྱེད་སྲིངས་། སྨན་པ་མང་པོ་ཡར་ཐོན་བྱུང་བ་མཐོང་སོང་། ཚོ་སྐོར་ཚུལ་གྱི་སྨན་བཅོས་བོད་སྐྱོར་མགོ་བརྩམས་པའི་རྗེས་སུ། སྨན་ཁག་གི་ཚན་ཁག་སོ་སོའི་སྲ་མཉེན་སྒྲིག་ཆས་ཡོངས་རྫོགས་ཀྱི་ཆུ་ཚད་ཡར་ཐོན་བྱུང་བ་དང་། སྒོས་སུ་བོད་སྐྱོར་སྨན་པས་ཡུལ་དེའི་ཚང་མ་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ། དེའི་སྟེང་ལ་རྒྱུན་མི་ཆད་པར་གསབ་སྦྱོང་བྱས་པ་བརྒྱུད། བོད་རང་གི་སྨན་བཅོས་དཔུང་ཁག་ཅིག་སྐྱེད་སྲིངས་ཐུབ”ཟེར།
འབྲེལ་ཡོད་རྩོམ་ཡིག