ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ཚོཊ་ཆུང་གིས་བོད་ལ་བསམ་འཆར་བཏོན་པ།

2019-07-08 བསོད་ནམས་འཚོ།
              ཉེ་ལམ། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་མཐུད་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ཙུའུ་ཀྲང་ཀྲུའུ་ཝུའེ་ཆུན་གྱིས་དུས་མཚམས་གཉིས་པའི་ལྟ་སྐུལ་མཛུབ་ཁྲིད་དུ་སྐྱོད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་གཙོ་བོ་བརྡ་ཁྱབ་བཏང་བ་དང་འབྲེལ་དག་ཐེར་གྱི་གྲོས་འགོ་ཡང་བཏོན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད། 
ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་ཙུའུ་ཀྲང་གཞོན་པ་ཀྲང་ཀྲེ་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
              ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་བཀོད་སྒྲིག་ལྟར། ཟླ་6ཚེས་17ནས་25ཉིན་བར། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པས་གཤམ་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་7དང་སྐབས་བསྟུན་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་2བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ལྟ་སྐུལ་མཛུབ་ཁྲིད་དུ་བཏང་ཡོད། གཤམ་དུ་བསྐྱོད་རིང་། ཚོགས་ཆུང་ཁག་གིས་མི་ཐེངས་224ལ་སྐོང་འདྲི་བྱས་པ་དང་། ཐེར་འདོན་ཁུངས་སྣེ་40ལ་ལྐོག་ཞིབ་དང་ཞིབ་བསྡུར་བྱས་པ། གཙོ་གནད་གྱོད་གཞི་28བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ། རྩིས་ཐོ་དང་དཔྱད་གཞི་2300ལྷག་ཙམ་བཤེར་བ། གྲོང་ཁྱེར་དང་རྫོང་107གྱི་ལས་རིགས་སྡེ་ཚན་དང་། ཤང་གྲོང་དང་ཁྲོམ་གཞུང་57གྲོང་གསེབ་ཀྱི་སྡེ་ཁུལ་61བཅས་ལ་བསྐྱོད་པ། བཞུགས་མོལ་ཚོགས་འདུ་62འཚོགས་པ། བརྟག་དཔྱད་འདྲི་ཤོག་540བཀྲམ་པ། མི་ཐེངས་1044ལ་དྲ་ཐོག་ནས་བརྟག་དཔྱད་འདྲི་ཤོག་རྒྱོང་དུ་བཅུག་པ་བཅས་རེད།
              བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཀྲུའུ་ཝུའེ་ཆུན་གྱིས་ཁས་ལེན་གནང་བ་དང་འབྲེལ། ལྟ་སྐུལ་མཛུབ་ཁྲིད་དུ་སྐྱོད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཕྱོགས་ལྔའི་ཐད་ནས་བསམ་འཆར་བཏོན་པ་སྟེ།
              གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གྱི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་།
              གཉིས་ནས་གྱོད་གཞི་སྒྲུབ་གཉེར་ལ་ཤུགས་སྣོན་རྒྱག་པ་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས། ཁྲིམས་ལྟར་མྱུལ་ཞིབ་དང་། ཞུ་གཏུག ཁྲུན་གཅོད་བཅས་མགྱོགས་མྱུར་བྱེད་དགོས་པ།
              གསུམ་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་ལས་རིགས་ཀྱི་སྣང་ཚུལ་ངན་པ་བཅོས་སྒྲིག་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་དགོས་པ།
              བཞི་ནས་འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་རྣོན་པོ་ཡག་པོ་སྤྱོད་པ་དང་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས། ལས་དོན་ཁག་གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ།
              ལྔ་ནས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དམག་འཐབ་མཁར་རྫོང་བརྟན་དུ་བཏང་ནས། ནག་གཤེད་ཕྱོགས་གཏོགས་ཐོན་ཡུལ་རྩ་མེད་བཟོ་དགོས་པ་བཅས་རེད།
              ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་སྐབས་གསུངས་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཚུར་ལན་གནང་བའི་གནད་དོན་དངོས་ཐོག་བདེན་འཚོལ་དང་གནད་ལ་འཁེལ་བ་དང་། བཏོན་གནང་བའི་དག་ཐེར་བསམ་འཆར་ལ་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་འདུག ང་ཚོས་ཚད་མཐོའི་མཐོང་ཆེན་དང་། ཁེངས་སྐྱུང་གིས་དང་ལེན། རང་འགུལ་ངང་ཁས་ལེན། རྩིས་ལེན་ཆ་ཚང་པོ་བཅས་བྱ་རྒྱུ་ཡིན་ལ། ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་དང་ཏན་ཏིག་ནུས་ལྡན་གྱི་བྱ་ཐབས་ཐོག་ནས། དག་ཐེར་དོན་འཁྱོལ་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ། རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་གསར་པ་དེ་བས་ཆེན་པོ་ཐོབ་པར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག