ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་བོད་ལྗོངས་སུ་བསྐྱོད་ནས་མཚམས་འདྲིའི་འཁྲབ་སྟོན་བྱེད་པ།

2019-07-10 འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ལྗོངས་ལྷ་ས་ཞོལ་སློབ་ཆུང་གི་སློབ་མས་ཞབས་བྲོ་《བཀྲ་ཤིས་སྨོན་འདུན》ཞེས་པ་འཁྲབ་པ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70འཁོར་བར་བསུ་མ་དང་།   བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ལོན་པར་རྟེན་འབྲེལ་ཞུ་བའི་དུས་སྐབས་དང་བསྟུན་ནས།  བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་དང་།   ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས།   བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པ་བཅས་ཀྱི་གཙོ་སྒྲུབ་མཛད་པ་དང་།   བོད་ལྗོངས་ཟློས་གར་པའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གིས་སྒྲུབ་གཉེར་གནང་བའི་ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་བོད་དུ་བསྐྱོད་པའི་སྒྱུ་རྩལ་རུ་ཁག་གི་“དྲོ་སྐྱིད་སྐྱེལ་ནས་གཞི་རིམ་དུ་བསྐྱོད་པ།”ཞེས་པའི་མཚམས་འདྲིའི་འཁྲབ་སྟོན་དེ་ཟླ་7པའི་ཚེས་4ཉིན་དང་ཚེས་7ཉིན་སྔ་གཞུག་ཏུ་ཉིང་ཁྲི་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་ནས་སྤེལ།
ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་གིས་ལྷ་སར་མཚམས་འདྲིའི་འཁྲབ་སྟོན་བྱེད་པ།
             ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་བོད་དུ་བསྐྱོད་པའི་སྒྱུ་རྩལ་རུ་ཁག་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི།  ཐེངས་གཉིས་ལ་རྒྱལ་ཡོངས་དཔྱིད་མགོའི་མེ་ཏོག་གི་བྱ་དགའ་ཐོབ་མཁན་ཕུའུ་ཚུན་ཞིན་གྱིས་སྣེ་ཁྲིད་པ་དང་།   འཁྲབ་སྟོན་ཁྲོད་དུ་ཀྲུང་གོའི་ཟློས་གར་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་ཐོབ་མཁན་མི་བཅུ་ལྷག་གིས་རྒྱ་ཆེའི་གཟིགས་མོ་བ་རྣམ་པར་ཅིན་ཅུས་ཟློས་གར་དང་།  ཁུང་ཅུས་ཟློས་གར།  ཡོའེ་ཅུས་ཟློས་གར།   ཧའེ་ནན་ཟློས་གར།  ཧོང་མའེ་ཟློས་གར་སོགས་མཆོག་ཏུ་གྱུར་བའི་གར་ཚན་འཁྲབ་སྟོན་གནང་།   སྒྱུ་རྩལ་པ་རྣམས་ཀྱི་ཡིད་དབང་འཕྲོག་པའི་འཁྲབ་སྟོན་གྱིས་བོད་ལྗོངས་མང་ཚོགས་ལ་རིག་གནས་ཀྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་སྟེར་ཡོད།
དེ་ལས་གཞན།  བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གི་རུ་གཙོ་དང་།   རྒྱལ་ཡོངས་དཔྱིད་མགོའི་མེ་ཏོག་གི་བྱ་དགའ་ཐོབ་མཁན་དཔལ་ལྡན་དབང་ཕྱུག་གིས་བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གི་འཁྲབ་སྟོན་མི་སྣ་དང་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་ཞོལ་སློབ་ཆུང་གི་སློབ་མ་60ལྷག་གི་སྣེ་ཁྲིད་ནས་ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་བོད་དུ་བསྐྱོད་པའི་སྒྱུ་རྩལ་རུ་ཁག་དང་མཉམ་དུ་གར་སྟེགས་གཅིག་ནས་འཁྲབ་སྟོན་བྱས་པ་དང་།  བོད་ལྗོངས་ས་གནས་དེ་གའི་མང་ཚོགས་རྣམས་ཧ་ཅང་དགའ་བའི་བོད་ཀྱི་ཟློས་གར་《རྒྱ་ལུ་དབྱངས་རིང་གཞས་གདངས》དང་བོད་ཀྱི་ཟློས་གར་《བཀྲ་ཤིས་ཞོལ་པ》དང་།   ད་དུང་གསར་དུ་བསྒྲིགས་པའི་ཅིན་ཅུས་ཟློས་གར་《རྒྱ་བཟའ་ཀོང་ཇོ》ཡི་ཚན་པ་བཅས་འཁྲབ་སྟོན་བྱས། 
ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་གིས་ལྷ་སར་མཚམས་འདྲིའི་འཁྲབ་སྟོན་བྱེད་པ།
             འཁྲབ་སྟོན་ཁྲོད་དུ།  ཅིན་ཅུས་ཟློས་གར་《གྲོང་སྟོང་ཐབས་རྩལ》ཀྱི་ཚན་པ་དང་།  ཁུང་ཅུས་ཟློས་གར་《ཤིང་པདྨའི་ལྡིང་ཁང》ཡོའེ་ཅུས་ཟློས་གར་《ཧའོ་ཝུན་ཞུའུ》ཡི་ཚན་པ།  ཧོང་མའེ་ཟློས་གར་《བུད་མེད་སྲས་མོའི་མག་པ》ཡི་ཚན་པ་བཅས་རིམ་པ་བཞིན་འཁྲབ་སྟོན་བྱས།   གསར་དུ་བསྒྲིགས་པའི་ཅིན་ཅུས་བོད་ཀྱི་ཟློས་གར་《རྒྱ་བཟའ་ཀོང་ཇོ》ཡི་ཚན་པ་རུ་ཅིན་ཅུས་ཟློས་གར་དང་བོད་ཀྱི་ཟློས་གར་ཏེ།  གནའ་བོའི་ཟློས་གར་རིགས་འདི་གཉིས་ལེགས་པར་ཟུང་འབྲེལ་བྱས་པས་ཁྱད་ཆོས་འབུར་དུ་ཐོན་ཡོད།   ཟློས་གར་ཁྲོད་དུ་གོང་མ་ཐང་ཐེ་ཙུང་དང་རྒྱ་བཟའ་ཀོང་ཇོ།   སྲོང་བཙན་སྒམ་པོ་བཅས་ཀྱི་མཉམ་ལེན་ལས་འཁྲབ་སྟོན་ཐོད་བརྒད་ཀྱི་རྣམ་པར་ཕྱིན་པ་དང་།   རིག་གནས་ཀྱི་གསར་གཏོད་དང་མཉམ་འདྲེས་འདི་ལྟ་བུར་ཡུལ་དངོས་ཀྱི་གཟིགས་མོ་བ་རྣམ་པའི་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་ཐོབ། 
             ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་བོད་བསྐྱོད་སྒྱུ་རྩལ་རུ་ཁག་བོད་ལྗོངས་སུ་ཡོད་སྐབས་ད་དུང་བོད་ལྗོངས་ཀྱི་བོད་ཀྱི་ཟློས་གར་གྱི་རྒྱུད་འཛིན་དང་འཕེལ་རྒྱས་སྐོར་ལ་རྟོག་ཞིབ་གནང་ཡོད་པ་དང་།  བོད་ལྗོངས་ཟློས་གར་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་མཉམ་དུ་བཞུགས་མོལ་བགྲོ་གླེང་གནང་།   སྒྱུ་རྩལ་ཚོགས་པ་ད་དུང་ལྷ་ས་གྲོང་ཁྱེར་ཞོལ་སློབ་ཆུང་དུ་སོང་ནས་ཟློས་གར་སྒྱུ་རྩལ་གྱི་གསབ་ཁྲིད་བྱ་འགུལ་ཀྱང་སྤེལ། 
             “ཐེངས་འདིར་ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་བོད་ལྗོངས་སུ་ཡོང་བར།  བོད་ལྗོངས་ལ་འགྱུར་ལྡོག་མང་པོ་བྱུང་ཡོད་པ་དང་།  གནས་འདིའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་སྔར་ལས་དར་ཞིང་རྒྱས་པ་དང་།   མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན།”ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕུའུ་ཚུན་ཞིན་གྱིས་གསུངས་དོན། “ལྷ་ས་གྲོང་ཁྱེར་ཞོལ་སློབ་ཆུང་དུ་ང་ཚོས་སློབ་གྲྭ་འདིས་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་ཐད་ལ་འབད་པའི་རྣམ་པ་མཐོང་བྱུང་།  བོད་ཀྱི་ཟློས་གར་སྒྱུ་རྩལ་རྒྱུད་འཛིན་དར་སྤེལ་ཡོང་བའི་རེ་བ་ཡོད་ལ། ད་དུང་མི་དེ་ལས་མང་པོ་ཞིག་སྒྱུ་རྩལ་ལ་དགའ་བ་དང་།  ཟློས་གར་ལ་དགའ་བ།  ཟློས་གར་གྱི་རྒྱབ་སྐྱོར་པར་ཆགས་པའི་རེ་འདུན་ཞུ།”ཞེས་ཟེར།
བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གི་རུ་གཙོ་དང་རྒྱལ་ཡོངས་དཔྱིད་མགོའི་མེ་ཏོག་གི་བྱ་དགའ་ཐོབ་མཁན་དཔལ་ལྡན་དབང་ཕྱུག་(གཡོན་གྱི་དང་པོ།)དང་ཁོང་གི་འཁྲབ་རོགས་པས་མཉམ་དུ་བོད་ཀྱི་ཟློས་གར་ཚན་པ་《རྒྱ་ལུ་དབྱངས་རིང་གཞས་གདངས》འཁྲབ་སྟོན་བྱེད་པ།
             ཤེས་རྟོགས་བྱུང་བ་ལྟར་ན།  ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་ནི་ཀྲུང་གོའི་ཟློས་གར་འཁྲབ་སྟོན་ཁྱབ་ཁོངས་ཀྱི་ཆེས་མཐོ་བའི་བྱ་དགའ་སྟེ།  ཀྲུང་གོའི་ཟློས་གར་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་ཐོབ་མཁན་ལས་གྲུབ་པ་ཞིག་རེད།   2005ལོ་ནས་བཟུང་།  སྒྱུ་རྩལ་རུ་ཁག་འདི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བསྐྱོད་ནས།  རྒྱ་ཆེའི་མི་དམངས་མང་ཚོགས་ལ་ངོ་མཚར་བའི་ཟློས་གར་གྱི་འཁྲབ་སྟོན་གནང་།  ལོ་ངོ་བཅུ་ལྷག་གི་རིང་ལ།  སྒྱུ་རྩལ་རུ་ཁག་གི་རྐང་རྗེས་རྒྱལ་ནང་གི་ཀྱི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་31དང་།  ཨོ་སི་ཁྲོ་ལི་ཡ་དང་ཧྥ་རན་སི།  ཨ་རི།  འཇར་མན།  སིང་ག་ཕོར་སོགས་རྒྱལ་ཁབ་བཅས་སུ་ཁྱབ་ཡོད། 
ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་གིས་ལྷ་སར་མཚམས་འདྲིའི་འཁྲབ་སྟོན་བྱེད་པ།
ཀྲུང་གོའི་ཟློས་གར་པའི་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་རུ་ཁག་དང་བོད་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གི་འཁྲབ་སྟོན་པས་གར་སྟེགས་གཅིག་གནས་འཁྲབ་སྟོན་བྱེད་པ།
སྒྱུ་རྩལ་པ་དང་འཁྲབ་སྟོན་པའི་རྗེས་དྲན་མཉམ་པར།
འབྲེལ་ཡོད་རྩོམ་ཡིག