ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མིག་གི་བདེ་ཐང་དབུལ་སྐྱོར་ལས་གྲྭས་སྐྱ་འགྲིབ་མིག་ནད་ཕོག་པའི་ནད་པ་ཁྱོན་བསྡོམས་400ལ་ཡང་བསྐྱར་འོད་སྣང་མཐོང་དུ་བཅུག

2019-07-17 པདྨ་ཚེ་རིང་གིས་བསྒྱུར།
ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་ཡུན་ཧའེ་མིག་ནད་སྨན་ཁང་གི་འབུམ་རམས་པ་ཁྲེན་ཞའོ་ཧྥུང་ལགས་ཀྱིས་ནད་པར་སྐྱ་འགྲིབ་བཤགས་བཅོས་བྱས་ཏེ་སྡེ་རོང་རྫོང་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་པ་རྣམས་ལ་གསོ་སྦྱོང་བྱེད་བཞིན་པ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་7པའི་ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3ཐོག 2019ལོའི་སྡེ་རོང་གི་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མིག་གི་བདེ་ཐང་དབུལ་སྐྱོར་བཟོ་སྐྲུན་གྱི་“སྐྱ་འགྲིབ་གསོ་བཅོས་བྱ་འགུལ”དེའི་འགོ་ཚུགས་མཛད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་ཁང་གི་ཚོམས་ཆེན་དུ་འཚོགས། འདི་ནི་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་སྡེ་རོང་རྫོང་མི་དམངས་སྨན་ཁང་གཉིས་ཀྱིས་སྨན་བཅོས་རོགས་སྐྱོར་འཆར་གཞིར་གྲོས་ཆོད་བྱུང་རྗེས། མིག་གི་བདེ་ཐང་དབུལ་སྐྱོར་ལས་གྲྭའི་མཉམ་འབྲེལ་སྨན་བཅོས་དང་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཐེངས་བཞི་པ་ཡིན།  
ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་ཡུན་ཧའེ་མིག་ནད་སྨན་ཁང་གི་སྐྱ་འགྲིབ་དཀྱོག་སྣང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་སྔོ་འགྲིབ་སྐྱ་འགྲིབ་ནད་ཁུལ་གྱི་ཀྲུའུ་རེན་ཕན་ཞུའེ་ཧོ་ཡིས་སྐྱ་འགྲིབ་ནད་པར་བརྟག་དཔྱད་གནང་བཞིན་པ། 
            ཟླ་7པའི་ཚེས་9ཉིན་ནས་ཟླ་7པའི་ཚེས་12་ཉིན་བར་སྡེ་རོང་རྫོང་མི་དམངས་སྨན་ཁང་གིས་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ལ་མཉམ་འབྲེལ་བྱས་ནས་སྡེ་རོང་རྫོང་དང་འབའ་ཐང་རྫོང་གི་མིག་ནད་ཅན་200ལྷག་ལ་རིན་མེད་སྨན་བཅོས་བྱས། སྤྱི་ལེ་100ཡི་མཚམས་ནས་སླེབས་པའི་ནད་པ་ཨ་ཁུ་རྡོ་རྗེ་ལགས་ལ་མིག་ནད་བྱུང་ནས་ལོ་10འགོར་ཡོད། མིག་ནད་བཅོས་ནས་ཡང་བསྐྱར་འོད་སྣང་མཐོང་དུ་ཡོད་པས། ཐེངས་དང་པོར་སེམས་ལ་ཤར་བ་ནི་སྨན་པ་དྲིན་ཆེན་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུ་རྒྱུ་དེ་ཡིན་ཏེ། “ངའི་མིག་ལོང་བར་གྱུར་ནས་ཡུན་རིང་འགོར་བས། ང་རང་ཐག་རིང་ཡུལ་དུ་འགྲོ་མི་ནུས་ལ། ཞིང་ལས་བྱེད་པའི་གོ་ཡང་མི་ཆོད། ང་ནི་ཁྱིམ་གྱི་ཁུར་བོ་ཞིག་ཏུ་གྱུར་སོང་སྙམ་སྐབས། སྡེ་རོང་གི་ངོ་ཤེས་ཤིག་གིས་ཁྲིན་ཏུའུ་ཡི་ཆེད་མཁས་པས་ནད་ལ་ལྟ་བཞིན་འདུག་སྐད་པས། ང་རང་ལམ་སང་འདིར་ཡོང་བ་ཡིན། ཁྱིམ་མིས་ང་ལ་ཐེངས་དང་པོར་མཐོང་བ་ནི་ངའི་དྲིན་ཅན་རེད་ཟེར། ལྷ་རྗེ་ཐུགས་རྗེ་ཆེ། ཡུན་རིང་ལོང་ནས་ཡང་བསྐྱར་འོད་སྣང་མཐོང་བར་གྱུར། ང་ཚོའི་སྨན་པ་ནི་བྱང་ཆུབ་སེམས་དཔའ་དངོས་རེད་ཨང་། ……” 
ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་ཡུན་ཧའེ་མིག་ནད་སྨན་ཁང་གི་འབུམ་རམས་པ་ཁྲེན་ཞའོ་ཧྥུང་ལགས་ཀྱིས་ནད་པར་མིག་ནད་བརྟག་དཔྱད་གཏོང་བཞིན་པ།
            སྨན་བཅོས་ཀྱི་ཡུལ་དངོས་སུ་རྡོ་རྗེ་ལྟ་བུའི་ནད་པ་ད་དུང་200ལྷག་ཡོད། ཁོང་ཚོ་མང་ཆེ་བ་ནི་སྡེ་རོང་རྫོང་མཐའ་སྐོར་གྱི་ཤང་གྲོང་དང་འགའ་ཞིག་ནི་ནང་མི་གྲོགས་པོ་རྣམས་ཀྱི་འོས་སྦྱོར་འོག་འབའ་ཐང་རྫོང་འབྲོང་རྫ་ཡུལ་ཚོ་དང་ཡར་དགོན་ཡུལ་ཚོ་ཀྲུང་ཤིན་རོང་ཡུལ་ཚོ་ནས་སྨན་བཅོས་བྱེད་དུ་སླེབས་པ་རེད། སྨན་ཁང་ནས་འདེམ་བཤེར་བྱས་རྗེས་ཐེངས་འདིར་སྨན་བཅོས་བྱ་རྒྱུའི་ནད་པའི་ཁྲོད་སྐྱ་འགྲིབ་ཕོག་པའི་ནད་པ་120ཡོད། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་ཡུན་ཧའེ་མིག་ནད་སྨན་ཁང་གི་སློབ་དཔོན་ཆེན་མོ་ཕན་ཞུའེ་ཧོ་དང་འབུམ་རམས་པ་ཁྲེན་ཞའོ་ཧྥུང་གིས་མཉམ་འབྲེལ་སྨན་བཅོས་ཚོགས་པའི་སྣེ་ཁྲིད་ནས་སྐྱ་འགྲིབ་ནད་པ་120ལ་བཤགས་བཅོས་བྱས་པ་དང་། བཤགས་བཅོས་ཚར་རྗེས་ནད་པ་ཡོངས་རྫོགས་ཀྱིས་ཡང་བསྐྱར་འོད་སྣང་མཐོང་ཐུབ་པར་གྱུར། 
སྡེ་རོང་རྫོང་མི་དམངས་སྨན་ཁང་གི་དགེ་རྒན་ཨ་མོ་ལགས་ཀྱིས་ད་ཐེངས་ཀྱི་གཤགས་བཅོས་བརྒྱུད་རིམ་ལ་ལོ་ཙཱའི་ལས་ཀ་གཉེར། རི་མོ་ནི་དགེ་རྒན་ཨ་མོ་ལགས་ཀྱིས་བཤགས་བཅོས་བྱས་མ་ཐག་པའི་ནད་པ་ཨ་མ་རྒན་མོ་ཞིག་སྐྱོར་བཞིན་པ། 
            ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ་ཡུས་ཧྲུའུ་ཀོང་གིས་ངོ་སྤྲོད་བྱ་རྒྱུར། “ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་སྡེ་རོང་རྫོང་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་པའི་“འསྐྱ་གྲིབ་གསོ་བཅོས་བྱ་འགུལ”ནི་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མིག་གི་བདེ་ཐང་དབུལ་སྐྱོར་བཟོ་སྐྲུན་གྱི་ལས་གཞིའི་དོན་ཚན་ཞིག་ཡིན་ལ། ད་ལོའི་བར་དུ་ལོ་ངོ་4ཕྱིན་ཚར། 2007ལོར་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་ཡུན་ཧའེ་མིག་ནད་སྨན་ཁང་གིས་སྡེ་རོང་རྫོང་མི་དམངས་སྨན་ཁང་ལ་སྐྱི་འགྲིབ་བཤགས་བཅོས་ཆེད་སྤྱོད་ཆེ་ཤེལ་གནང་སྦྱིན་མཛད་པས། སྡེ་རོང་རྫོང་མི་དམངས་སྨན་ཁང་དེ་དཀར་མཛེས་ཁུལ་ནས་སྐྱ་འགྲིབ་བཤགས་བཅོས་ཀྱི་ཡོ་བྱད་ཆ་ཚང་ལྡན་པའི་སྨན་ཁང་ཞིག་ཏུ་གྱུར།  
ཡང་བསྐྱར་འོད་སྣང་མཐོང་བར་གྱུར་པས། རྡོ་རྗེ་ལགས་ཀྱིས་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་ཡུན་ཧའེ་མིག་ནད་སྨན་ཁང་གི་ཆེད་མཁས་པ་དང་རྫོང་སྨན་ཁང་ལ་བསྟོད་པ་བྱས།
            རྒྱུས་ལོན་བྱུང་བ་ལྟར་ན། སྡེ་རོང་རྫོང་དང་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གཉིས་སྨན་བཅོས་དང་བརྟག་དཔྱད་མཉམ་འབྲེལ་བྱས་པ་ནས་རིམ་རྩིས་བྱས་ན་དབུལ་ཕོངས་སྐྱ་འགྲིབ་ནད་པ་387ཙམ་སྡེ་རོང་རྫོང་མི་དམངས་སྨན་ཁང་ནས་རིན་མེད་ངང་སྐྱ་འགྲིབ་བཤགས་བཅོས་བྱས་ཏེ་ཡང་བསྐྱར་འོད་སྣང་མཐོང་ཐུབ་པར་གྱུར་ཡོད། 
ཐེངས་འདིའི་“སྐྱ་གྲིབ་གསོ་བཅོས་བྱ་འགུལ་འཆར་གཞི”ལག་བསྟར་བྱས་པ་གོ་རྗེས་འབའ་ཐང་རྫོང་ནས་ཆེད་དུ་སྨན་བཅོས་བྱེད་དུ་སླེབས་པའི་ནད་པ།
འབྲེལ་ཡོད་རྩོམ་ཡིག