ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྐབས་གཉིས་པའི་རྒྱལ་ཡོངས་ལས་གཏོད་གསོ་སྦྱོང་འཆད་ཁྲིད་དགེ་རྒན་གྱི་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་བྱེད་སྒོ་མགོ་བརྩམས་ཡོད།

2019-07-19 པདྨ་ཚེ་རིང་གིས་བསྒྱུར།
            རང་ལྗོངས་ཀྱི་ལས་གཏོད་གསོ་སྦྱོང་དགེ་རྒན་རྣམས་ལ་རང་གི་འཇོན་ཐང་ཕྱི་རུ་མངོན་པ་དང་རང་གི་ནུས་པ་སྔར་བས་ཇེ་ལེགས་སུ་ཡོང་བར་གར་སྟེགས་ཤིག་བསྐྲུན་པ་དང་། རང་ལྗོངས་ཀྱི་ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་ཆེད་དུ། ཟླ་༧པའི་ཚེས་༡༧ཉིན་གྱི་སྔ་དྲོར། “ལས་གཏོད་གསོ་སྦྱོང་དང་གསར་གཏོད་སྣེ་ཁྲིད”ཅེས་པ་བརྗོད་དོན་བྱས་པའི་སྐབས་གཉིས་པའི་རྒྱལ་ཡོངས་ལས་གཏོད་གསོ་སྦྱོང་འཆད་ཁྲིད་དགེ་རྒན་གྱི་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་བྱེད་སྒོ་དབུ་འབྱེད་མཛད་སྒོ་ལྷ་ས་ནས་འཚོགས་པ་རེད། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སོགས་ལས་ཁུངས། ལྗོངས་ཕྱི་ནང་གི་ལས་གཏོད་མཛུབ་སྟོན་དགེ་རྒན་དང་ལྗོངས་ཕྱི་ནང་གི་ལས་གཏོད་ཆེད་ལས་མཁས་པ། གྲོང་ཁྱེར་ཁག་གི་ལས་གཏོད་ལས་བྱེད་པ། ལས་གཏོད་འཆད་ཁྲིད་དགེ་རྒན་གྱི་འགྲན་སྡུར་ཆེན་མོའི་འགྲན་ཞུགས་པ་སོགས་དབུ་འབྱེད་མཛད་སྒོར་ཕེབས་ཡོད་པ་རེད། 
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བྱིངས་ཀྱིས་ལས་གཏོད་དང་མང་ཚོགས་ཀྱི་གསར་གཏོད་བྱ་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་རིགས་བསྒྱུར་རིམ་སྤར་ཡོང་བའི་སྒུལ་ཤུགས་ཡིན་ལ། ལས་ཞུགས་རྒྱ་ཆེར་གཏོང་བའི་འགུལ་ནུས་གསར་པའང་ཡིན་པས་སྔ་ན་མེད་པའི་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་ཅིང་། ལས་གཏོད་ཕྱིར་བུད་རྟེན་གཞི་འཛུགས་སྐྲུན་དང་ལས་གཏོད་ཀྱི་གསོ་སྦྱོང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་། ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་སོགས་ཀྱི་ཐད་ནས་དོ་ཁུར་དང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་བཞིནཡོད། ལྗོངས་ཡོངས་ཀྱི་“གཉིས་གཏོད་”ཀྱི་མ་དངུལ་བསྡུ་ཐབས་ཟམ་མི་ཆད་པར་རྒྱ་སྐྱེད་དང་ཆོག་འཐུས་ཚད་གཞི་རྒྱུན་ཆད་མེད་པར་ཇེ་དམའ་དང་སྲིད་ཇུས་ཀྱི་ཕན་ཁེ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བཞིན་ཡོད། 
            མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་《ལས་གཏོད་སྣེ་ཁྲིད་པའི་ཆེད་དོན་བྱ་འགུལ་དང་སྐབས་གཉིས་པའི་རྒྱལ་ཡོངས་ལས་གཏོད་གསོ་སྦྱོང་འཆད་ཁྲིད་དགེ་རྒན་གྱི་འགྲན་སྡུར་ཆེན་མོའི་ལག་བསྟར་ཇུས་གཞི་དང་ལག་རྩལ་གྱི་ཡིག་ཆ་པར་འགྲེམ་བྱེད་པའི་བརྡ་སྦྱོར་》ལས་བསྟན་པའི་འགྲན་ཞུགས་པའི་ཆ་རྐྱེན་ལ་གཞིགས་ནས། མིག་སྔར་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་ལས་ཞུགས་ཞབས་ཞུ་སྡེ་ཁག མཐོ་རིམ་སློབ་གྲྭ་སོ་སོ། མཐོ་རིམ(འབྲིང་རིམ་)ལས་རིགས་སློབ་གླིང་བཅས་ལས་སོ་སོའི་ཁོངས་གཏོགས་ནང་གི་འགྲན་སྡུར་ལ་ཞུགས་པའི་ཆ་རྐྱེན་ལྡན་པའི་ལས་གཏོད་གསོ་སྦྱོང་གི་ཆད་འཁྲིད་དགེ་རྒན་རྣམས་ཀྱིས་མིང་ཐོ་བཀོད་དེ་འགྲན་སྡུར་ལ་ཞུགས་པ་ཡིན། དེ་ཡང་ཐོག་མའི་ཐོབ་ཐང་ཞིབ་བཤེར་དང་འགྲན་སྡུར་ཆེན་མོའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་བསྐྱར་ཞིབ་སོགས་ཀྱི་རིམ་པ་བརྒྱུད་དེ། ལྗོངས་ཡོངས་ནས་འགྲན་ཞུགས་པ་མི་གྲངས་32བདམས་ཐོན་བྱུང་སྟེ་འགྲན་སྡུར་དངོས་ཀྱི་ནང་ལ་ཞུགས་རྒྱུ་རེད། 
            འགྲན་སྡུར་དངོས་སུ་འགོ་ཚུགས་རྗེས། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་རྒྱལ་ཁབ་རིམ་པའི་ལས་གཏོད་གསོ་སྦྱོང་དགེ་རྒན་གྲགས་ཅན་གདན་འདྲེན་ཞུས་ནས་འགྲན་ཞུགས་པ་རྣམས་ལ་གཞུང་ལུགས་དང་སློབ་ཁྲིད་ཀྱི་ཐབས་རྩལ་སོགས་ཀྱི་ཐད་ནས་འགྲན་སྡུར་མ་བྱས་གོང་གི་ཡར་ཐོན་སྦྱོང་བརྡར་བྱས། ཟུར་ཁྲིད་ནང་དོན་ལའང་འགྲན་ཞུགས་པའི་ལས་གཏོད་གསོ་སྦྱོང་གི་གཙོ་གནད་ཁོང་དུ་ཆུད་པའི་ནུས་པ་དང་གསོ་སྦྱོང་བྱེད་པའི་ལག་རྩལ་བཀོལ་སྤྱོད་བྱེད་ནུས་སོགས་འདུས་པ་མ་ཟད། འགྲན་སྡུར་སྔོན་ལ་རྒྱུགས་མཛོད་བསྐྱར་སྦྱོང་དང་གཅིག་སྡུད་ཀྱིས་འགྲན་ཞུགས་པ་རྣམས་ཀྱི་ཤེས་བྱའི་ནུས་པ་སོགས་ལ་སྦྱོང་བརྡར་བྱེད་པ་སོགས་ཡོད།
            འགྲན་སྡུར་མ་བྱས་གོང་གི་གསོ་སྦྱོང་མཇུག་རྫོགས་རྗེས། ཟླ་འདིའི་ཚེས་༢༣ཉིན་ལ་“འཆད་ཁྲིད་དགེ་རྒན་མི་སྒེར་གྱི་ཕྱོགས་བསྡུས་ནུས་པའི་གདམ་གསེས”འགྲན་སྡུར་བརྒྱུད་ནས། མཐའ་མར་ཕུལ་བྱུང་འགྲན་ཞུགས་པ་2བདམས་ནས་རང་ལྗོངས་ཀྱི་འཐུས་མི་ལྟར་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་ལས་གཏོད་གསོ་སྦྱོང་འཆད་ཁྲིད་དགེ་རྒན་གྱི་རྒྱལ་ཡོངས་རྟིང་རྩོད་འགྲན་སྡུར་ནང་ཞུགས་རྒྱུ་རེད།
            མིག་དམར་ཚེ་རིང་ལགས་ནི་འགྲན་སྡུར་ནང་ཞུགས་པའི་བོད་ལྗོངས་ཀྱི་ཆེད་བསྐོས་ལས་གཏོད་གསོ་སྦྱོང་གི་དགེ་རྒན་ཡིན་ལ། ཁོང་གིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་ནི་སློབ་ཁང་ནང་གི་སློབ་ཁྲིད་ཀྱི་ནུས་པ་གང་ལེགས་ཀྱིས་ཕྱི་རུ་རྒྱ་བསྐྱེད་པ་ཞིག་ཡིན་ཏེ། ཆེད་ལས་སློབ་སྦྱོང་གི་གྲུབ་འབྲས་ལ་གཟིགས་བཤེར་ཐེངས་ཤིག་བྱེད་པ་ཡིན་ལ། གསོ་སྦྱོང་དགེ་རྒན་ཕན་ཚུན་བར་ལ་སློབ་སྦྱོང་དང་ནུས་རྩལ་ངོམ་པའི་སྟེགས་བུ་ཞིག་ཀྱང་ཡིན།  “འགྲན་སྡུར་འགོ་བརྩམ་པར་རེ་སྒུག་ཆེ། དགེ་རྒན་བར་གྱི་འགྲན་སྡུར་ངར་ཁ་ལ་བལྟ་འདོད་ཆེ། འགྲན་སྡུར་གྱིས་ཉམས་མྱོང་གསབ་རེས་བྱེད་ཐུབ་པ་མ་ཟད། ད་དུང་རང་ཉིད་ཀྱི་སློབ་ཁྲིད་ནུས་རྩལ་ཡང་གོང་མཐོར་གཏོང་ཐུབ། ” ཅེས་མིག་དམར་ཚེ་རིང་གིས་དེ་ལྟར་བཤད། 
            རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་གཙོ་གཞོན་པ་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་འགྲན་སྡུར་སྤེལ་བ་ལ་བརྟེན་ནས། རང་ལྗོངས་ཀྱི་ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་སྣང་ཉམས་དང་ལས་གཏོད་གསོ་སྦྱོང་གི་གྲུབ་འབྲས་ལེགས་པར་མངོན་ཐུབ་ལ། རང་ལྗོངས་ཀྱི་ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་དང་ལས་གཏོད་ཀྱི་མཛུབ་ཁྲིད་ནུས་པ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། ཆེད་ལས་ཤེས་བྱ་བརྗེ་རེས་དང་སློབ་སྦྱོང་བྱེད་པའི་སྟེགས་བུ་མཁོ་འདོན་བྱས་ནས་མཉམ་འགུལ་ལམ་སྲོལ་ནུས་ལྡན་ཞིག་འཛུགས་ཐུབ་པ་ཡིན། གཞན་ཡང་རང་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་ལས་གཏོད་མཛུབ་སྟོན་དགེ་རྒན་གྱི་མནའ་འབྲེལ་བཙུགས་ནས། རང་ལྗོངས་ཀྱི་ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ནུས་ཤུགས་འདོན་ཐུབ་ལ། དེ་ལ་བརྟེན་ནས་ལས་གཏོད་གསོ་སྦྱོང་དང་ལས་གཏོད་མཛུབ་སྟོན་གྱི་ཞབས་ཞུའི་སྤུས་ཚད་སྔར་བས་ཇེ་ལེགས་སུ་འགྲོ་ཐུབ། འདི་ནི་རང་ལྗོངས་ཀྱི་གཉིས་གཏོད་ལས་དོན་སྤུས་ཀ་ཇེ་ལེགས་དང་ནུས་པ་ཇེ་ཆེར་གཏོང་བ་ཞིག་ཡིན།
འབྲེལ་ཡོད་རྩོམ་ཡིག