ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ཟམ་སྣེའི་བཙན་རྫོང”ཡག་པོ་བསྐྲུན་ནས་འཛམ་གླིང་ལ་སྒོ་མོ་ཕྱེ་བ།

2019-07-22
གཞིས་རྩེ་གྲོང་ཁྱེར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ།
             “རྒྱུད་གཅིག་ལམ་གཅིག”ལག་བསྟར་བྱེད་མཁན་དང་ཕན་པ་ཐོབ་མཁན་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱིས“ཟམ་སྣེའི་བཙན་རྫོང”གི་གནས་ཡུལ་ལེཌ་ཆ་འདོན་སྤེལ་གང་ལེགས་དང་། འགག་སྒོ་དང་ཕྱི་ཕྱོགས་ཉོ་ཚོང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི“བགྲོད་ལམ་ཆེ་མོ”བསྐྲུན་མགྱོགས་སུ་བཏང་བ། “མཐའ་མཚམས་ཁུལ་ཆེན”དེ“མཐའ་མཚམས་ཉོ་ཚོང་སྟོབས་ཆེའི་ཁུལ”དུ་བསྒྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་བཅས་ཀྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། 2018ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་39.45ཟིན་པ་དེ་དུས་མཚུངས་ལས་21.27%འཕར་ནས་མཐའ་མཚམས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སླར་ཡང་འཕར་བའི་རྣམ་པ་མངོན་ཡོད།
             གོ་སྐབས་དམ་འཛིན་བྱས་ནས་ཨེ་ཤེ་ཡ་ལྷོ་མའི་ཟོག་འགྲེམས་ལས་རིགས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
             གཞིས་རྩེ་གྲོང་ནི་ཁྱེར་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་པོ་དང་ས་འབྲེལ་ཡིན་པས་དེར་མཐའ་མཚམས་རྫོང་9དང་། འགག་སྒོ་5 མཐའ་མཚམས་ཚོང་དོན་གྱི་བགྲོད་ལམ་གཙོ་བོ(གྲོ་མོའི་རྣ་ཐོས་ལ་བགྲོད་ལམ)1 སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་འབྲེལ་ཚོང་ལས་ས་ཚིགས་28བཅས་ཡོད་པ་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་ནང་གསལ་པོ་བཟོས་པའི་ས་ཁོངས་རིམ་པའི་འཁོར་སྐྱོད་མཚམས་ཚིགས་ཀྱི་གྲོང་ཁྱེར་ཞིག་རེད།
             “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱི་ས་ཁོངས་ནང་སྔར་ཡོད་ཀྱི་G318དང་། G219 G216 G562བཅས་རྒྱལ་ལམ་ཁག་བཞི་དང་S514སོགས་ཞིང་ཆེན་ལམ་གལ་ཆེན་ཚང་མ་ཤར་བགྲོད་ཐུབ་པ་དང་འབྲེལ། གྲོ་མོའི་རྣ་ཐོས་ལར་བསྐྱོད་པའི་བགྲོད་ལམ་དང་། འགྲམ། སྐྱིད་གྲོང་། རི་འོག་འདྲེན་ཐང་དང་ལེགས་རྩེ་འགག་སྒོ་དེ་རྒྱ་གར་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོ་དང་འབྲེལ་ཡོད་པས་བསམ་གྲུབ་རྩེ་ཆུས་ལྟེ་བར་བྱེད་པ་དང་། རྒྱལ་ལམ་གྱི་མ་ལམ་གཙོ་བོར་བྱེད་པ། ཞིང་ཆེན་ལམ་སྒྲོམ་གཞིར་བྱེད་པ། གྲོང་གསེབ་ཀྱི་གཞུང་ལམ་དང་མཐའ་མཚམས་ཀྱི་གཞུང་ལམ་རྨང་གཞིར་བྱེད་པ། ཕྱི་ཕྱོགས་ཀྱི་རྒྱ་གར་དང་ནེ་པ་ལ་དང་ས་འབྲེལ་དང་། ནང་ངོས་ཀྱི་ལྷ་ས་དང་། ལྷོ་ཁ། མངའ་རིས། ནག་ཆུ་བཅས་དང་ས་འབྲེལ་ཡིན་པས་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཆུས་18ཀྱི་གཞུང་ལམ་འགྲིམ་འགྲུལ་དྲ་བ་ཞིག་ཀྱང་གཞི་རྩའི་ཆར་ཆགས་ཡོད་པ་རེད།
             གཞིས་རྩེ་ཞི་བདེ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལེགས་སྒྲུབ་ཟིན་པ་དང་། ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ། ཨེ་ཤེ་ཡ་ལྷོ་དབུས་སུ་ཕྱོགས་པའི་ཀོང་ཏུང་དང་བོད་ཀྱི་ཟོག་འདྲེན་དུས་གཏན་མེ་འཁོར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལན་ཀྲོའུ་ཡི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དེས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གཞིས་རྩེའི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
             མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ནང་དང་ཕྱི་རྒྱལ་ལ་ཕྱོགས་པའི་ཟོག་འགྲེམས་དྲ་བ་ཞིག་རིམ་པས་བཙུགས་ཏེ་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མའི་སྒོ་དབྱེར་ཕྱོགས་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོའི་ཟམ་སྣའི་བཙན་རྫོང་ཞིག་བསྐྲུན་རྒྱུ་རེད།
             ཕྱི་ཕྱོགས་ལ་སྒོ་མོ་དབྱེ་ནས་འགག་སྒོའི་ནུས་པ་ཆེ་རུ་བཏང་བ།
             སྐྱིད་གྲོང་འགག་སྒོ་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་དེར“ཚོང་ལམ”དང“དཔོན་ལམ”“འཐབ་ལམ”སོགས་ཟེར་སྲོལ་ཡོད། དེ་ནི་1961ལོར་སྒོ་མོ་དབྱེ་རྒྱུའི་ཆོག་མཆན་ཐོབ་པ་དང་1978ལོར་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་འགག་སྒོར་ཆོག་མཆན་སྤྲད་ཡོད།
             2014ལོའི་ཟླ་12ཚེས་1ཉིན་འགག་སྒོ་དངོས་སུ་ཕྱེ་སྟེ་སྐྱིད་གྲོང་འགག་སྒོས་རྒྱལ་ཁབ་གསུམ་པའི་མི་རྣམས་ལ་སྒོ་མོ་དབྱེ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། 2017ལོའི་ཟླ་4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་སྐྱིད་གྲོང་འགག་སྒོ་འདི་ཉིད་སྒོ་མོ་དབྱེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་རྒྱ་སྐྱེད་གཏོང་རྒྱུའི་ཆོག་མཆན་གནང་བ། 2018ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱིད་གྲོང་འགག་སྒོ་འདི་ཉིད་སྨན་རྩྭ་ནང་འདྲེན་གྱི་དམིགས་འཛུགས་འགག་སྒོར་ཆོག་མཆན་གནང་ཡོད་པ་རེད།
             མིག་སྔར་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་སྦྲགས། ནུས་པ་ཆེར་གཏོང་དང་འགྲོ་གྲོན་གཅོག་པའི་སྒྱུར་བཅོས་ཟབ་གཏོང་གི་བྱ་ཐབས་ཧུར་ཐག་སྤྱད་དེ་འགག་སྒོ་སྒྲོལ་བའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སྒྲིག་བྱས་ནས་རྒྱལ་སྤྱིའི་ཚོང་དོན“སྐར་ཁུང་རྐྱང་པའི”འདུན་ཞུའི་མ་ལག་སྲ་བརྟན་དང་ཁྱབ་གདལ་བཏང་ཡོད། 2019ལོའི་ཟླ་དང་པོ་ནས་གསུམ་པའི་བར་སྐྱིད་གྲོང་འགག་སྒོའི་དངོས་ཟོག་གི་སྤྱིའི་རིན་ཐང་སྒོར་ཁྲི་77696ཟིན་པ་དེ་དུས་མཚུངས་ལས་24.2%འཕར་ཡོད། མཐའ་མཚམས་ཚོང་འབྲེལ་ཚོང་ལས་ཀྱི་སྤྱིའི་རིན་ཐང་སྒོར་516.2691ཟིན་པ་དེ་དུས་མཚུངས་ལས་38.40%འཕར་ཡོད།
             འགྲམ་འགག་སྒོའི་ཟོག་འདྲེན་བགྲོད་ལམ་གྱི་བྱེད་ནུས་སླར་གསོ་བྱུང་བ། རི་འོག་འདྲེན་ཐང་འགག་སྒོར“འགག་སྒོ་གཅིག་དང་བགྲོད་ལམ་གཉིས”ཀྱི་འཕེལ་རྒྱས་བྱ་ཐབས་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས། འགག་སྒོའི་ཞིབ་བཤེར་སྒྲིག་བཀོད་ཀྱི་བྱེད་ནུས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་མགྱོགས་པོ་སྤེལ་ཏེ། ལེགས་རྩེ་འགག་སྒོ་འདི་ཉིད་རྒྱལ་ཁབ་ཀྱི་འགག་སྒོའི་སྒོ་མོ་དབྱེ་བའི་འཆར་གཞིའི་ནང་བཅུག་ཡོད།
             མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་སྐྱིད་གྲོང་དང་འགྲམ་འགག་སྒོ་གཙོ་བོར་བྱེད་པ་དང་། རི་འོག་འདྲེན་ཐང་དང་། ལེགས་རྩེ་འགག་སྒོ གྲོང་ཚོའི་མཐའ་མཚམས་ཚོང་དོན་བགྲོད་ལམ་ཕལ་པར་བྱེད་པ། ནེ་པ་ལ་དང་རྒྱ་གར་རྒྱལ་ཁབ་གཉིས་པོར་ཤར་བགྲོད་ཐུབ་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་མཐའ་མཚམས་ཀྱི་སྐམ་ལམ་འགག་སྒོ་བཅས་ཀྱི་གཞི་རྩའི་སྒྲིག་གཞི་ཞིག་རགས་ཙམ་ཆགས་ཏེ་འགག་སྒོ་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་ཟམ་མི་ཆད་པར་སྤོ་བཞིན་ཡོད།
             གཞིས་རྩེ་གྲོང་ཁྱེར་གྱིས་ལམ་རྒྱུད་མཐའ་མཚམས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཐའ་མཚམས་ཚོང་འབྲེལ་ཚོང་ལས་ཁུལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མཐའ་མཚམས་ཚོང་འབྲེལ་ཚོང་ལས་ཀྱི་ཁོར་ཡུག་དང་ཆ་རྐྱེན་ལེགས་བཅོས་ཧུར་ཐག་བྱས་ནས། མཐའ་མཚམས་མི་སེར་གྱི་ཚོང་འབྲེལ་ཚོང་ལས་ཁུལ་སྒྲིག་འཛུགས་བྱེད་ཚད་དང་དེའི་གཞི་ཁྱོན་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། 2018ལོར་མཐའ་མཚམས་མི་སེར་གྱི་ཚོང་འབྲེལ་ཚོང་ལས་ཀྱི་དངུལ་འབོར་སྒོར་དུང་ཕྱུར་5.4ཟིན་པ་དེ་དུས་མཚུངས་ལས་27.06%འཕར་ཡོད།
             དུས་བབ་དང་འཚམ་པར་བྱས་ནས་འཕེལ་རྒྱས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པ།
             རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་ཡོད།
             གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་ལས་དོན་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་དང་། “འཁོར་རྒྱ་གསུམ་དང་རྒྱུད་གསུམ”ལམ་རྒྱུད་ཀྱི་གསར་སྤེལ་སྒོ་དབྱེའི་བར་མཐོངས་རྣམ་པ་བསྐྲུན་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ནན་ཏན་གྱིས་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྔོན་འགྲོའི་ཆ་རྐྱེན་ཡིན་པ་འགན་ལེན་དང་། གསར་སྤེལ་སྒོ་དབྱེ་གཞི་རྟེན་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། མཐའ་དར་དམངས་ཕྱུག་དམིགས་ཡུལ་དུ་བྱེད་པ་བཅས་ཀྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གྲོས་འགོ་གཞིས་རྩེ་གྲོང་ཁྱེར་དུ་རྩ་བ་ཚུགས་པར་སྐུལ་མ་ཐེབས་ཡོད་ཅེས་བརྗོད་པ་རེད།
             “རྒྱུད་གཅིག་ལམ་གཅིག”གྲོས་འགོའི་འོག འབྱུང་འགྱུར་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་ཚོང་དོན་སྔར་བས་དར་རྒྱས་དང་། སྒོ་དབྱེའི་ལམ་བུ་སྔར་བས་རྒྱ་ཆེར་འགྲོ་བ། འགག་སྒོའི་དཔལ་འབྱོར་སྔར་བས་འཕེལ་རྒྱས་བཅས་ཡོང་བའི་ཡིད་ཆེས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག