ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་བརྒྱུད་ནང་བསྟན་གྱི་བཙུན་མའི་དགོན་པ་ཐར་པ་གླིང་དུ་བསྐྱོད་པ།

2019-07-30 འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ནས་ལམ་ལ་ཆས་ཏེ་ཤར་ལྷོའི་ཕྱོགས་སུ་བསྐྱོད་པར།  ལམ་བར་དུ་རི་བོ་མང་པོ་ཕྲེང་བསྟར་བསྒྲིགས་པ་དང་རྩྭ་དང་རྩི་ཤིང་སྔོ་ལྗང་ལྗང་དུ་མངོན།  པད་མ་གངས་རིའི་འདབས་རོལ་གྱི་ཤོག་གསུམ་གྲོང་ཚོར་སླེབས་པ་ན།  བོད་བརྒྱུད་ནང་བསྟན་གྱི་བཙུན་མའི་དགོན་པ་སྟེ་ཐར་པ་གླིང་མིག་ལམ་དུ་གསལ་ལེར་མངོན་བྱུང་། 
པར་འདི་ནི་ཐར་པ་གླིང་ཡོད་སའི་རི་ངོས་ཀྱི་རྒྱང་གི་རྣམ་པ།
              གོང་མ་ཆན་ལུང་ཁྲི་ལོ་སོ་དྲུག་པ་སྟེ་སྤྱི་ལོ་1771ལོར་དགའ་ལྡན་དོན་གྲུབ་གླིང་གི་བཀྲ་ཐང་རྗེ་བཙུན་བློ་བཟང་དམ་ཆོས་དཔལ་བཟང་གི་སྣེ་ཁྲིད་འོག་བཙུན་མའི་དགོན་པ་འདི་གསར་དུ་བཞེངས་པ་དང་།  མཚན་ལ་དགའ་ལྡན་ཐར་པ་གླིང་ཞེས་གསོལ།  ས་གནས་དེ་གའི་དམངས་ཁྲོད་དུ་ཐར་པ་གླིང་ངམ་བཙུན་མའི་དགོན་ཞེས་འབོད།
              1986ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་བདེ་ཆེན་དུ་གཟིགས་ཞིབ་ཏུ་ཕེབས་པ་དང་།  ཀོང་རྩེད་ར་གྲོང་བརྡལ་དུ་འབྱོར་སྐབས།  ཐར་པ་གླིང་ཞིག་གསོ་བྱེད་དགོས་པའི་ཐད་ལ་དགོངས་འཆར་གལ་ཆེན་མང་པོ་བཏོན།  1987ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐར་པ་གླིང་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན་པ་ཁྱབ་བསྒྲགས་བྱས་ལ།  དགོན་པའི་རིག་དངོས་སྲུང་སྐྱོང་ལེགས་པོ་ཐོབ་པར་མ་ཟད།  བཙུན་མའི་འཚོ་བའི་ཆ་རྐྱེན་ཡང་ལེགས་བཅོས་མངོན་གསལ་དོད་པོ་བྱུང་།   2011ལོར་སྲིད་གཞུང་གིས་ཡང་བསྐྱར་སྒོར་ཁྲི་700བཏང་ནས་ཐར་པ་གླིང་ཞིག་གསོ་བྱེད་པའི་ལས་གཞི་བསྒྲུབས།  ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་གཅིག་དང་།  བཙུན་མའི་ཐུན་མོང་གི་སྡོད་ཁང་ཐོག་ཁང་བཞི་དང་ཟ་ཁང་ཐོག་ཁང་གཉིས་བཅས་ཡོད།
པར་འདི་ནི་ཐར་པ་གླིང་གི་འདུ་ཁང་ཆེན་མོ།
པར་འདི་ནི་ཐར་པ་གླིང་གི་འདུ་ཁང་ཆེན་མོའི་ནང་ངོས།
པར་འདི་ནི་ཐར་པ་གླིང་གི་དཔེ་ཁང་།
པར་འདི་ནི་ཐར་པ་གླིང་གི་ཟ་ཁང་ཐོག་ཁང་དང་སྡོད་ཤག
              འདུ་ཁང་ཆེན་མོའི་ལྷ་ཁང་གཙོ་བོའི་སྒོ་ལྷོ་རུ་གཏད་ཡོད་ལ།  ཐོག་བརྩེགས་གཉིས་ཡོད།  ཤར་ལྷོ་ནུབ་བཅས་ཕྱོགས་གསུམ་གྱི་ལྷ་ཁང་གཞན་དག་དང་ལྷ་ཁང་གཙོ་བོ་ཕན་ཚུན་འབྲེལ་ཡོད་ཅིང་།  བོད་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་པར་ཐོན་པ་སྟེ་ཕྱོགས་བཞིར་ཁང་པ་ཡོད་པའི་ར་སྐོར་གྱི་འཛུགས་སྐྲུན་རྣམ་པར་གྲུབ་ཡོད།  ལྷ་ཁང་གཙོ་བོའི་གཉིས་ཐོག་གི་དབུས་སུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་སོགས་འཇིམ་བརྙན་ལ་གསེར་བྱུགས་པའི་སྐུ་བརྙན་ཡོད་པ་དང་།  འགྲམ་གཉིས་ཀྱི་ཆོས་དཔེའི་ཆ་སྒམ་སྟེང་《བཀའ་འགྱུར》དང་《བསྟན་འགྱུར》སོགས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཀྱི་པོ་ཏི་བཞུགས་ཡོད། 
པར་འདི་ནི་ཐར་པ་གླིང་གི་ལྡེབས་རིས་ཀྱི་ཆ་ཤས།
པར་འདི་ནི་ཐར་པ་གླིང་གི་ལྡེབས་རིས་ཀྱི་ཆ་ཤས།
              ལྷ་ཁང་གཙོ་བོའི་གཉིས་ཐོག་གི་ལྷོ་བྱང་གཉིས་ཀྱི་གྱང་གི་ནང་ལྡེབས་སུ་ཆིན་རྒྱལ་རབས་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལྡེབས་རིས་བཀོད་ཡོད་དེ།  བྱང་ནས་ལྷོ་བར་རིམ་བཞིན་སྒྲོལ་མ་ཉེར་གཅིག་དང་སྒྲོལ་ལྗང་གི་དཀྱིལ་འཁོར།   ཚེ་ལྷ་རྣམ་གསུམ།  རིགས་གསུམ་མགོན་པོ།  རྗེ་ཡབ་སྲས་གསུམ་སོགས་ཡོད།  ལྡེབས་རིས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ།   བཟོ་རྩལ་ཁྱད་དུ་འཕགས།  དེའི་རྡོ་ཚོན་ལོ་ངོ་ཉིས་བརྒྱ་ལྷག་གི་དུས་ཡུན་བརྒྱུད་མོད།   ད་དུང་དེའི་ཁ་དོག་སྔར་བཞིན་བཀྲག་མདངས་འཚེར་ལ།  མི་སྣ་གསོན་ཉམས་ལྡན་པས།  རིག་དངོས་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན། 
པར་འདི་ནི་ཐར་པ་གླིང་གི་བཙུན་མ།
པར་འདི་ནི་ཐར་པ་གླིང་གི་བཙུན་མ་རྣམས་ཀྱི་ཆོས་དཔེ་ཀློག་བཞིན་པ།
པར་འདི་ནི་ཐར་པ་གླིང་གི་བཙུན་མས་བསྡུས་གྲྭ་རྩོད་བཞིན་པ།
              ཐར་པ་གླིང་ལ་ད་ལྟ་བཙུན་མ་121ཡོད་དེ།  མང་ཆེ་བ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་དང་བདེ་ཆེན་རྫོང་།  ཝེ་ཞི་ལི་སུའུ་རིགས་རང་སྐྱོང་རྫོང་དང་སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་ནས་ཡོང་བ་རེད།  ཐར་པ་གླིང་ལ་བཙུན་མའི་ཐོ་ཡིག་གི་བདག་དམ་ལམ་ལུགས་དང་བཙུན་མའི་སྐྲ་བཞར་བ།  བསླབ་པའི་ལམ་ལུགས་བཅས་ཚགས་དམ་པོ་ཡོད།  རབ་ཏུ་བྱུང་ནས་བཙུན་མ་བྱས་ཚུན་ཆད་ལ་འདུལ་ཁྲིམས་གཙང་མར་སྲུང་དགོས་པ་དང་།  བསླབ་པ་དང་ཉམས་ལེན་གྱི་རིམ་པ་ཧ་ཅང་ནན་མོ་ཡིན་ལ།  བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་ཆོས་ཀྱི་དགོངས་དོན།  དགོན་པའི་ལམ་ལུགས་བཅས་ནན་ཏན་ངང་བསྲུང་དགོས།
འབྲེལ་ཡོད་རྩོམ་ཡིག