ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲེ་ཅང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ།

2019-08-05
              ཟླ་7ཚེས་30ཉིན་ནས་ཟླ་8ཚེས་1ཉིན་བར། ཀྲེ་ཅང་ཞིང་ཆེན་གྱི་ཧྲེན་ཀྲང་ཡོན་ཅ་ཅུན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས་ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་འབྲེལ་མཐུད་བྱས་པ་རེད།
              ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཀྱིས་རྟོག་ཞིབ་དང་བརྟག་ཞིབ་ལ་ཕེབས་རོགས་ཞུས་པའམ་ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
              འཐུས་མི་ཚོགས་པ་གནམ་གྲུ་ནས་བབས་མ་ཐག་ཐད་ཀར་ལྷ་སར་ཡོད་པའི་ཀྲེ་ཅང་གི་ལས་ཤག་ཏུ་ཕེབས་ནས་བོད་དུ་སྐྱོད་མ་ཐག་པའི་ཀྲེ་ཅང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པར་གཟིགས་པར་ཕེབས་ཤིང་། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་ཅུན་དང་ཧྲེང་ཀྲང་ཡོན་ཅ་ཅུན་གྱི་ཐད་ཀའི་ཐུགས་ཁུར་འོག་ལྷ་སར་ཡོད་པའི་ཀྲེ་ཅང་གི་ལས་ཤག་དེ་2017ལོའི་ཟླ་10པར་རྩིས་སྤྲད་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་རེད། ཡོན་ཅ་ཅུན་བོད་སྐྱོར་ལས་བྱེད་པའི་ཉལ་ཁང་དུ་ཕེབས་ནས་ཁོང་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཆ་རྐྱེན་ལ་ཞིབ་ཚགས་ངང་གཟིགས་གནང་བ་མ་ཟད། ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་བ་རེད། ཡོན་ཅ་ཅུན་གྱིས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་སྡུག་ལ་མི་སྐྲག་པར་ནག་ཆུར་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁབ་ལེན་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། ནག་ཆུ་ཕ་ཡུལ་གཉིས་པར་བརྩིས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་། བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བ། ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཐོག་ནས་ཀྲེ་ཅང་དང་བོད་ཀྱི་མཉམ་ལས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་ཡག་པོ་ཞིག་བྱས་ཏེ་གངས་ལྗོངས་ས་མཐོར་དེ་བས་མང་བའི“ཀྲེ་ཅང་གི་སྟོབས་ཤུགས”སྣོན་དགོས་པའི་སྐུལ་ལྕག་གནང་བ་རེད།
              ཟླ་7ཚེས་30ཉིན་གྱི་ཕྱི་དྲོ། ཀྲེ་ཅང་དང་བོད་ལྗོངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།
              ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲེ་ཅང་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཚོས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཤུགས་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲེ་ཅང་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཡང་ཞུས་པ་རེད།
              ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་དེ་ལྟ་བུ་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པ་དང་ཆབས་ཅིག དེ་ནི་ཀྲེ་ཅང་ཞིང་ཆེན་གྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བ་དང་ཁ་འབྲལ་ཐབས་མེད། ཀྲེ་ཅང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་སྟེ་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས། ལས་གཏོད་ལས་ཞུགས། ཚན་རྩལ་གསར་གཏོད། དཔལ་འབྱོར་མཉམ་ལས་སོགས་ཀྱི་ཐད་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ནག་ཆུར་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྔར་བས་མཐོང་ཆེན་དང་། ཀྲེ་ཅང་གི་རོགས་སྐྱོར་ལ་སྔར་བས་གཅེས་སྤྲས། ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བཅས་བྱས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
              ཡོན་ཅ་ཅུན་གྱིས་དང་ཐོག་ཧྲུའུ་ཅི་ཁྲེ་ཅུན་གྱི་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ནི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད་ལ། ང་ཚོས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། ཀྲེ་ཅང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཕྲག་ཐོག་ཏུ་ཁུར་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམིགས་པ། སེམས་རྣལ་དུ་ཕབ་པ་དང་། བརྩེ་སེམས་དངོས་འཆང་བ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་ཀྱི་ཐོག་ནས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་ནག་ཆུ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་རྒྱུར་རང་འགུལ་ངང་རོགས་རམ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག