ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ཡུས་ཀུང་གི་སྙིང་སྟོབས”ལ་བརྟེན་ནས“འགག་སྒྲོལ་དམག་འཐབ”ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས།

2019-08-19
ལོ་སྟོད་ཀྱི་བོད་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྒྲིལ་གླེང་།
             2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་རེད། འདི་ལོ་ཚུན། ལྗོངས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། 《བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི(2018ལོ་ནས་2020ལོ་བར)》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་དང་ཞིབ་ཕྲའི་བྱེད་ཐབས་དམིགས་ཚད་དུ་བྱེད་པ། “གསར་འཕར་གསུམ”དོན་འཁྱོལ་ནན་པོ་བཅས་བྱས་ཏེ་དེ་བས་དཀའ་ངལ་ཆེ་བ་དང་འགྲན་སློང་དེ་བས་མང་བའི་ཕྱོགས་སུ་མདུན་སྐྱོད་བྱས་ཡོད།
             མཐོ་སར་བརྟེན་ནས་ཕྱོགས་ཡོངས་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ་རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་བ།
             འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དེ་བས་གཅིག་སྡུད་དང་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཆབ་མདོ་དང་། གཞིས་རྩེ། ནག་ཆུ་བཅས་འཐབ་ས་གཙོ་བོ་གསུམ་དང་ཤིན་ཏུ་དབུལ་བའི་རྫོང་དང་ཆུས་ལ་མ་དངུལ་སྒོར་དུང་ཕྱུར་120.5བཀོད་སྒྲིག་བྱས་པ་དང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་གྲོང་སྡོད་ལས་དོན་རུ་ཁག་581ཚང་མ་དཀའ་ཚེགས་ཆེ་བའི་གྲོང་ཚོ་དབུལ་པོར་བཏང་ནས་མཉམ་སྡེབ་དཔལ་འབྱོར་2302དང་མཉམ་ལས་རྩ་འཛུགས་2452གཉེར་རོགས་བྱས་རེད།
             དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། 2020ལོར་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་འབུད་པ། མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ། ས་ཁོངས་རང་བཞིན་གྱི་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། “གནད་སྨིན་དྲུག”དང་། “ཁག་གཅིག་རེ་ལྔ” “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”བཅས་ཀྱི་བླང་བྱ་དང་དམིགས་ཚད་ལ་དམ་པོར་དམིགས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་པ་དང་མཐོ་སར་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།
             ལོ་སྟོད་དུ་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་སྔ་རྗེས་སུ་ཆབ་མདོ་དང་། གཞིས་རྩེ། ནག་ཆུ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བསྐྱོད་ནས་མང་ཚོགས་དབུལ་པོའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ་རང་ངོས་ཀྱི་བརྟག་ཞིབ་གྲུབ་འབྲས་ཕྱོགས་བསྡུས་དང་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་བརྟག་ཞིབ་སྙན་ཞུ་གྲུབ་པ་དང་ལྷག་པའི་གནད་དོན་གསེད་དཀྲོལ་ཞིབ་ཚགས་བྱས་པ་མ་ཟད། 
             གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཐག་གཅོད་ཀྱི་ཇུས་གཞི་གནད་འཕིགས་ངང་བཟོས་ཡོད། 
             ཟམ་མི་ཆད་པར་ཐོན་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་ནས། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་སྲིད་ཇུས་བྱེད་ཐབས་ཁག་བཏོན་ཏེ“ཀ་བཞི་གདུང་བརྒྱད”ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
             རྨང་གཞི་འདིང་བ་དང་ཞན་ཆ་གསབ་སྟེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པ།
             ཐོན་ལས་འཕེལ་རྒྱས་གཏོང་བ་ནི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པའི་རྩ་བའི་ཇུས་གཞི་ཡིན། ད་ཕན་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས། རང་ས་རང་ཡུལ་ནས་མི་འབྲལ་བ། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་དམིགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞིགས་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་ལས་འཚམ་སར་ཞིང་ལས། འབྲོག་ལས་འཚམ་སར་འབྲོག་ལས། ནགས་ལས་འཚམ་སར་ནགས་ལས། ཚོང་ལས་འཚམ་སར་ཚོང་ལས། ཡུལ་སྐོར་ལས་རིགས་འཚམ་སར་ཡུལ་སྐོར་ལས་རིགས་གཉེར་བ་བཅས་བྱས་ཏེ་མང་ཚོགས་དབུལ་པོ་རང་ས་རང་ཡུལ་ནས་མི་བྲལ་བར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།
             རང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་དེ་དབུལ་སྒྲོལ་བརྟན་པོ་དང་རྒྱུན་མཐུད་འབབ་འཕར་གྱི་དམ་འཛིན་བྱ་གཞིར་བརྩིས་ནས། ཐོན་ཁུངས་ལེགས་ཆར་གཞིགས་པ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་དང་། ཁྱད་ལྡན་དབུལ་སྐྱོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ནས་དང་འབྲི་གཡག་སོགས་ཀྱི་ཐོན་ལས་གཙོ་གནད་ཐོག་བཏོད་པ། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་ཚོང་དོན་འཁོར་རྒྱུག་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན། ཐོན་ལས་དབུལ་སྐྱོར་རྣམ་གྲངས་2481ལས་འགོ་བཙུགས་པ་དེས་འཆར་འགོད་རྣམ་གྲངས་བསྡོམས་འབོར་གྱི་82%བཟུང་ཡོད། རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་336.52དམིགས་སར་འབྱོར་བ་དང་མ་དངུལ་སྒོར་དུང་ཕྱུར་275.94བཏང་ཁར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན། ཐོན་ལས་ལ་བརྟེན་ནས་དབུལ་པོ་ཁྲི་22.09དབུལ་སྒྲོལ་བྱུང་ཡོད།
             སློབ་གསོ་དང་དབུལ་སྐྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ། འོས་འགན་སློབ་གསོའི་ཐད་སློབ་ཤོར་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་ལས་དོན་དང་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ལས་རིགས་སློབ་གསོའི་དབུལ་སྐྱོར་ཆེད་དོན་སློབ་བསྡུའི་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཡོད།
             བདེ་ཐང་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ། “སྔོན་ལ་ནད་ལྟ་བ་དང་རྗེས་སུ་སྨན་རིན་རྩིས་རྒྱག”དང“ཁག་གཅིག་རེ་གསུམ”གྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་མི་རེའི་ཆ་སྙོམས་སྨན་བཅོས་ཁ་གསབ་སྒོར་555བར་མཐོ་རུ་བཏང་ཡོད།
             ལས་ཞུགས་གསོ་སྦྱོང་ཏན་ཏིག་བྱས་པ། རང་ལྗོངས་ཀྱིས“ཁེ་ལས+མི་འབོར་དབུལ་པོ”དང“ཁེ་ལས+མི་འབོར་དབུལ་པོ+གསོ་སྦྱོང་སྒྲིག་གཞི”སོགས་མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་བྱེད་ཐབས་སྤྱད་དེ། གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་ཚད་མང་དུ་བཏང་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། ཐོན་ལས་དང་། རྣམ་གྲངས། ཁེ་ལས་བཅས་ཀྱིས་ལས་མི་བསྡུ་བའི་ཐབས་ལམ་བརྒྱུད། རིམ་རྩིས་བྱས་ན་མི་26101ལས་ཞུགས་གཞན་སྒྱུར་བྱས་ཡོད།
             རྨང་གཞིའི་ཞན་ཆ་སྔར་བས་གསབ་པ། ས་ཁུལ་དབུལ་པོའི་མང་ཚོགས་ལ་འཐུང་ཆུ་དཀོན་པ་དང་། ཕྱིར་སྐྱོད་དཀའ་བ། གློག་དཀོན་པ་སོགས“སེམས་ཁྲལ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་དང་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། འགན་བཅོལ་བཅས“མཐོར་གཏོང་བཅུ”ཡི་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཚོ་200ལྷག་ཙམ་ལ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་འདུ་འགོད་ལག་བསྟར་བྱས་པར་བརྟེན། མི་འབོར་དབུལ་པོ་ཁྲི་1.8ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རིམ་རྩིས་བྱས་ན། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་8900ལྷག་ཙམ་གྱི་ཉེན་ཡོད་ཁང་པ་བརྟན་དུ་བཏང་བ་དང་སྒྱུར་བཀོད་བྱས་ཡོད།
             “བློ་སྐྱོར+རིག་སྐྱོར”ལས་མང་ཚོགས་དབུལ་པོའི་ནང་གནས་གསོན་ཤུགས་འཕེལ་བ།
             འདི་ལོའི་ལོ་སྟོད་དུ་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་རྫོང་ཡོངས་ཀྱི་མང་ཚོགས་དབུལ་པོའི“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དང“སྒོ་འགྲམ་དུ་ཉི་མ་སྲོས་ནས་གཞན་གྱིས་འབྱོར་འབྲིང་སྐྱེལ་རྒྱུ་སྒུག་ནས་སྡོད་པའི”བསམ་བློར་འགྱུར་ལྡོག་གཏོང་རྒྱུར་སྔར་བས་སློབ་གསོ་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད། བསམ་བློའི་དབུལ་སྐྱོར་དང་དངོས་པོའི་དབུལ་སྐྱོར་མཉམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་བྱེད་ཐབས་སྣ་མང་གི“བློ་སྐྱོར་རིག་སྐྱོར”འཛིན་གྲྭ་གཉེར་ནས། རྒྱ་ཆེའི་དུད་ཚང་དབུལ་པོར་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། མང་ཚོགས་དབུལ་པོས་རང་འགུལ་ངང་དབུལ་སྒྲོལ་བྱ་རྒྱུར་སྐུལ་མ་བཏང་ཡོད། “དཀའ་ལས་རྒྱག་དགོས་བྱུང་ཡང་། དབུལ་པོའི་གནས་ལ་ཐར་རྒྱུའི”འདུ་ཤེས་བརྟན་པོ་བཙུགས་ཏེ་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་གྱི་བྱ་སྤྱོད་ལ་འགྱུར་བ་བྱས་ཡོད།
             ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དབུལ་སྒྲོལ་འགག་སྒྲོལ་དྲིལ་བསྒྲགས་སློབ་གསོ་དག་ཐེར་ཚོགས་ཆུང་གི“དབུལ་སྐྱོར་སློབ་ཁང་ཆེ་མོའི”སྒྲོག་འགྲེལ་རུ་ཁག་གིས་དབུལ་སྒྲོལ་བརྒྱུད་རིམ་ནང་ལྷག་པའི་གནད་དོན་ལ་དམིགས་ནས། མང་ཚོགས་ཀྱི་དོགས་གཞིར་ལན་བརྒྱབ་ནས་མང་ཚོགས་ཚང་མས་སྲིད་ཇུས་ཤེས་པ་དང་། མང་ཚོགས་ཚང་མས་ཤེས་བྱ་ཤེས་པ། གནད་དོན་ཚང་མ་རྟོགས་ཐུབ་པ་བཅས་བྱས་ཏེ་དབུལ་སྐྱོར་གྱི་ཤེས་བྱ་དྲིལ་བསྒྲགས་ཁ་གསལ་བྱས་པར་བརྟེན་སྲིད་ཇུས་སྒྲོག་འགྲེལ་མི་སེམས་ལ་ཟུག་ཡོད།
             ཆུ་གསུམ་རྫོང་དབུལ་སྒྲོལ་འགག་སྒྲོལ་དྲིལ་བསྒྲགས་སློབ་གསོ་དག་ཐེར་ཚོགས་ཆུང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་5ལ་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་གྲོང་ཚོ་དང་། ཚོགས་ཆུང་། མང་ཚོགས་བཅས་ལ་དྲིལ་བསྒྲགས་བྱས་ནས། དམངས་ཕན་སྲིད་ཇུས་དེ་བས་མང་བ་ཁྱིམ་ཚང་ཀུན་གྱིས་ཤེས་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་ལྕག་ཐུབ་ཆེད། རྫོང་ཡོངས་སུ་གོང་འོག་ཚང་མས་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།
             ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་མང་ཚོགས་དབུལ་པོའི་སེམས་ཤུགས་འཕེལ་བ་དང་། སྒུལ་ཤུགས་ལ་སྐུལ་འདེད། འདུ་ཤེས་སྒྱུར་བ། རང་ཉིད་ལ་བརྟེན་ནས་དབུལ་སྒྲོལ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ཐབས་མང་མཉམ་སྤྱོད། ཕྱོགས་མང་མཉམ་འགུལ་བཅས་ཀྱི་སྒོ་ནས་བློ་སྐྱོར་དང་རིག་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བར་བརྟེན། མང་ཚོགས་ཚོའི་དབུལ་སྒྲོལ་གྱི་ཡིད་ཆེས་བརྟན་དུ་ཕྱིན་པ་མ་ཟད། དབུལ་སྒྲོལ་གྱི་སེམས་ཤུགས་འཕེལ་བ་དང་དབུལ་སྒྲོལ་གྱི་ནུས་པ་ཡང་ཆེ་རུ་ཕྱིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག