ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝང་ཆི་ཧྲན་གྱིས་ཕི་རུ་པིན་གྱི་ཙུང་ཐུང་དང་ཐུག་འཕྲད་གནང་བ།

2019-09-02
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་སྤྱི་ཟླ་8ཚེས་31ཉིན་ཧྥོའོ་ཧྲན་དུ་ཕི་རུ་པིན་གྱི་ཙུང་ཐུང་ཏུ་ཐེར་ཐེ་དང་ཐུག་འཕྲད་གནང་འདུག ཝང་ཆི་ཧྲན་གྱིས། ཙུང་ཐུང་སྐུ་ཉིད་སྤྱི་ལོ་2019ལོའི་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ལན་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་སྡུར་གཟིགས་པར་ཕེབས་པས་འགྲན་སྡུར་དེ་སྔར་བས་འོད་སྣང་ལྡན་པ་ཞིག་བྱུང་ཡོད། ཉེ་ལམ་ལོ་ཤས་རིང་། ཀྲུང་གོ་དང་ཕི་རུ་པིན་གྱི་འགོ་ཁྲིད་པས་མཉམ་དུ་སྣེ་ཁྲིད་གནང་བའི་འོག་ཕྱོགས་གཉིས་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཕན་འབྲས་ཡག་པོ་ཐོན་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཕི་རུ་པིན་གྱི་མཛའ་མཐུན་ལ་གཅེས་འཛིན་བྱེད་ཀྱི་ཡོད་པ་དང་ཕི་རུ་པིན་ལ་ཐོབ་པའི་་གྲུབ་འབྲས་ལ་སྙིང་དབུས་ནས་དགའ་འཚོར་ཆེན་པོ་བྱེད་ཀྱི་ཡོད་ལ་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་ཁྲིམས་འཛིན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་འདོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག
        ཏུ་ཐེར་ཐེས། ཕི་རུ་པིན་ཕྱོགས་ཀྱིས་ཕི་རུ་པིན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་སྣའི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་བྱེད་ཀྱི་ཡོད། ཀྲུང་གོས་ལན་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་སྡུར་ལེགས་གྲུབ་ལྡན་པའི་ངང་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། ལི་ཞི་ཐུག་འཕྲད་ནང་ཞུགས་པ་དང་ཐུག་འཕྲད་གནང་མཇུག་འགྲིལ་རྗེས་ཝང་ཆི་ཧྲན་དང་ཏུ་ཐེར་ཐེས་མཉམ་དུ་ཕི་རུ་པིན་རུ་ཁག་དང་དབྱི་ཏ་ལི་རུ་ཁག་གི་འགྲན་སྡུར་གཟིགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག