ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སུ་བོད་ལྗོངས་ཀྱི་འགྲན་ཞུགས་འཁྲབ་སྟོན་རྣམ་གྲངས་བཅུ་ལ་བྱ་དགའ་ཐོབ་པ།

2019-09-17 འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་15ཉིན།   སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཀྲིན་ཀྲུའུ་ཨར་ལས་ལག་རྩལ་སློབ་གླིང་གི་ལུས་རྩལ་ཚོགས་ར་ནས་བསྡུས།  ལུས་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ཡོན་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་ཧོ་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཏའེ་པེ་ཧྭ་བྱ་དགའ་སྟེར་བའི་དགོང་ཚོགས་སུ་ཞུགས་ནས་བྱ་དགའ་ཐོབ་པའི་ལུས་རྩལ་བའི་འཐུས་མིར་བྱ་དགའ་གནང་།  བོད་ལྗོངས་ཀྱི་སྐུ་ཚབ་ཚོགས་པར་བསྡོམས་ཨང་དང་པོ་6དང་།  ཨང་གཉིས་པ་2། ཨང་གསུམ་པ་2བཅས་ཐོབ་པ་སྟེ།  ཐེངས་འདིའི་འགྲན་ཚོགས་སུ་ཞུགས་པའི་འཁྲབ་སྟོན་རྣམ་གྲངས་བཅུ་པོ་ཡོངས་རྫོགས་ལ་བྱ་དགའ་ཐོབ་འདུག
             བྱ་དགའ་སྟེར་བའི་དགོང་ཚོགས་དེ་བྱ་དགའ་སྟེར་བའི་མཛད་སྒོ་དང་འཁྲབ་སྟོན་གྱི་རྣམ་གྲངས་བཅས་ཚན་པ་གཉིས་སུ་བགོས་ཡོད་ལ།  བསྡོམས་ལེ་ཚན་27འཁྲབ་སྟོན་ཚན་པར་ཞུགས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ལ་བསྡོམས་འབོར་རྣམ་གྲངས་194ཡོད་པ་དང་།  རྩལ་འགྲན་གྱི་རིགས་དང་།  འཁྲབ་རྩལ་གྱི་རིགས། ཕྱོགས་བསྡུས་ཀྱི་རིགས་བཅས་རིམ་པ་བཞིན་སྤེལ་བ་དང་།  དེ་ལས་ཨང་དང་པོ་དང་།  ཨང་གཉིས་པ།  ཨང་གསུམ་པ་བཅས་ཐོན། 
             འཁྲབ་སྟོན་རྣམ་གྲངས་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་དང་།   འགྲན་ཞུགས་འཐུས་ཚབ་རུ་ཁག་ཚང་མས་སོ་སོའི་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ།  སྔོག་འདོན་དང་ལེགས་སྒྲིག་སྒོས།  རང་གི་ས་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་རྒྱུད་འཛིན་བྱས་པའི་རྨང་གཞིའི་སྟེང་བསྐྱར་སྒྲིག་དང་གསར་སྒྲིག་བྱས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྣ་ཚོགས་པ་འདུས་ཡོད།   འཁྲབ་སྟོན་རྣམ་གྲངས་སུ་མངོན་པ་ནི་ས་གནས་སོ་སོའི་ཕུན་སུམ་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དག་རེད།  རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་སྟེགས་བུ་འདི་བརྒྱུད་དེ།  འཚོ་བ་དང་ཐོན་སྐྱེད་ཀྱི་ཧ་ཅང་འཛོམས་པོ་ཡིན་པ་དང་རྣམ་པ་འདྲ་མིན་དང་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་སྔར་ལས་མང་པོ་ཞིག་ལ་གསོན་ཤུགས་ལྡན་པ་དང་སྐྱེས་སྟོབས་ཀྱི་དཔལ་འབར་ལ།  ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་སྐུལ་འདེད་བཏང་།  འགྲན་བསྡུར་དང་འཁྲབ་སྟོན་མཉམ་དུ་འདུས་པ་དང་། མི་རིགས་སོ་སོའི་ལུས་རྩལ་པས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སུ་འདྲ་མཉམ་དྲང་གཞག་སྒོས་འགྲན་བསྡུར་དང་ཕན་ཚུན་སློབ་སྦྱོང་བྱས།   འདི་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཞིག་ཡིན་ལ།  དེས་“འདྲ་མཉམ་དང་མཐུན་སྒྲིལ། འབད་འབུངས་དང་ཧུར་བརྩོན།”ཞེས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྩ་དོན་ལ་འགྲེལ་བཤད་གསལ་པོ་གནང་འདུག  
             ཐེངས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་བསྡུར་དེ་ཟླ་9པའི་ཚེས་9ནས་ཚེས་14བར་སྤེལ་བ་དང་།  རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་32ཀྱི་ལེ་ཚན་185འགྲན་བསྡུར་ལ་ཞུགས་ཡོད།  བོད་ལྗོངས་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་རྣམ་གྲངས་བསྡོམས་10འགྲན་ཚོགས་སུ་ཞུགས་ཡོད་ལ།  དེ་རུ་མི་རིགས་ཀྱི་བརྒྱན་གོས་དང་འཚོ་བའི་གོམས་སྲོལ། སྒྱུ་རྩལ་འཁྲབ་སྟོན་བཅས་མཉམ་དུ་འདུས་ཡོད་པས།  བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་དང་རིག་གནས་ཀྱི་ཁྱད་ཆོས་ལེགས་པར་འགྲེམས་སྟོན་གནང་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་རྣམ་གྲངས་སུ།  རྩལ་འགྲན་རིགས་ཀྱི་རྣམ་གྲངས་ལྔ་སྟེ།  མདའ་འཕེན་པ་དང་། རྡོ་སྒོར་རྒྱག་པ། རྡོ་འགྱོགས་པ། །  འུར་རྡོ།  མིག་མངས་བཅས་དང་།  འཁྲབ་རྩལ་རིགས་ཀྱི་རྣམ་གྲངས་གཉིས་ཏེ།  བོད་ཀྱི་སྲོལ་རྒྱུན་རྟ་རྩལ་(ནང་སོག་དང་འགྲན་ར་སོ་སོར་ཕྱེ་བ། )འགྲན་པ། རྒྱུག་པ་གློད་པ་བཅས་དང་།  ཕྱོགས་བསྡུས་ཀྱི་རྣམ་གྲངས་གསུམ་སྟེ། བོད་ཀྱི་ལུས་སྦྱོང་ལུས་རྩལ་ཞབས་བྲོ་དང་། ཇོ་རིའི་ཞབས་བྲོ་དང་། ཕ་ཡུལ་སྒེག་ཆོས། གངས་ལྗོངས་ཀྱི་འོད་སྣང་སྟེ་བོད་ཁུངས་ཀྱི་རྨི་ལམ་འཚོལ་བ་བཅས་འདུས་ཡོད།
             ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱུག་པ་གློད་པ་ནི་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་(སྣེ་གདོང་གྲོང་ཚོ)གི་དམངས་ཁྲོད་ཀྱི་དཀའ་ཚད་ཆེ་བའི་རྩལ་རྩེད་འཁྲབ་སྟོན་ཞིག་ཡིན་ལ།2010ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད།  ཐེངས་འདིར་ཐོག་མར་གདོད་མའི་རྣམ་པའི་ངོས་ཐད་ནས་བོད་ལྗོངས་ནས་ཕྱིར་ཐོན་པ་ཡིན་ལ།  ཕྱོགས་སོ་སོའི་དོ་སྣང་ཆེན་པོ་ཐོབ།  དེ་ལས་གཞན། མིག་མངས་དང་རྡོ་སྒོར་རྒྱག་པ།  འུར་རྡོ་སོགས་ནི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ནས་ཐོག་དང་པོར་བསྟན་པ་རེད།
             བྱ་དགའ་ཐོབ་པའི་གནས་ཚུལ།
             ཨང་དང་པོ།  ཕྱོགས་བསྡུས་རྣམ་གྲངས་ཀྱི་གནའ་བོའི་སྒེག་ཆོས་དང་།  རྩལ་འགྲན་རིགས་ཀྱི་རྡོ་སྒོར་རྒྱག་པ་དང་རྡོ་འགྱོགས་པ། མདའ་འཕེན་བཅས་དང་།  འཁྲབ་རྩལ་རིགས་ལས་བོད་ཀྱི་སྲོལ་རྒྱུན་རྟ་རྩལ་དང་རྒྱུག་པ་གློད་པ་བཅས་འདུས།
             ཨང་གཉིས་པ།  རྩལ་འགྲན་རིགས་ལས་འུར་རྡོ་དང་།  ཕྱོགས་བསྡུས་རིགས་ལས་གངས་ལྗོངས་ཀྱི་འོད་སྣང་སྟེ་བོད་ཁུངས་ཀྱི་རྨི་ལམ་འཚོལ་བ་བཅས་འདུས།
             ཨང་གསུམ་པ། ཕྱོགས་བསྡུས་རིགས་ལས་ཇོ་རིའི་ཞབས་བྲོ་དང་། རྩལ་འགྲན་རིགས་ལས་མིག་མངས་བཅས་སོ།།
འབྲེལ་ཡོད་རྩོམ་ཡིག