ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་རྣམས་ཡང་བསྐྱར་ཕ་རབས་ཀྱི་ལམ་བུར་བསྐྱོད་པ”ཞེས་པའི་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་བོད་ལྗོངས་ལྷོ་ཁ་རུ་འཚོགས་པ་རེད།

2019-09-18 པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་16ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆིང་”ཞེས་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་གྱི་གྲས་ཏེ་“དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་རྣམས་ཡང་བསྐྱར་ཕ་རབས་ཀྱི་ལམ་བུར་བསྐྱོད་པ”ཞེས་པའི་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་དང་། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས། ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་པའི་བུ་ཕྲུག་གི་འཐུས་མི་རྣམས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གི་དཔའ་ངར་ཆེ་བའི་བྱས་རྗེས་ཕྱིར་དྲན་དང་། དམག་དམངས་ཉ་ཆུ་ལྟ་བུའི་མཛའ་བརྩེ་དང་བརྗིད་ཆགས་ཉམས་ལྡན་གྱི་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་བ། གསར་བརྗེའི་སློབ་གསོའི་ཉམས་སད་དང་ལེན་བཅས་བྱས་པ་རེད།
རི་མོ་ནི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་ཡིན།
            ཚོགས་འདུའི་ཐོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དེ་སྔའི་བྱེས་འཐབ་དམག་དཔུང་གཉིས་པའི་དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་ཀྲང་གོ་ཧྭ་ཡི་བུ་མོ་ཀྲང་ཞའོ་ཁང་དང་། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱི་བུ་ཐན་རུང་ཧྲེང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་དང་པོ་དབྱིན་ཧྥ་ཐང་གི་བུ་མོ་དབྱིན་ཅན་པའེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་བློ་བཟང་ཚུལ་ཁྲིམས་ཀྱི་བུ་བློ་བཟང་ཡོན་ཏན། བོད་ལྗོངས་དམག་ཁུལ་གྱི་ཐོག་མའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཅུན་ཧྲའོ་ཧྲན་གྱི་བུ་ཅིན་ཞུན། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཞ་ཁྲོན་གྱི་བུ་ལུའུ་ཅི་པིང་། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ཧྲི་52པའི་ཐོན་154ཡི་ཆབ་སྲིད་ཨུ་ཡོན་དབྱང་ཅིན་གྱི་བུ་དབྱང་ཆི་ཁང་། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་ཧྲི་54པའི་རིག་གནས་ལས་དོན་རུ་ཁག་གི་སློབ་སྟོན་པ་ཀྲང་ཅུན་གྱི་བུ་མོ་ཀྲང་ཆི་དང་བོད་དུ་ཡོད་པའི་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཁྲེན་མིང་དབྱིང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཁོང་ཚོས་མི་སེམས་འགུལ་བའི་བྱས་རྗེས་རེ་རེ་བརྒྱུད་ཕ་མེས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། ཕ་རབས་ཀྱི་སྲ་ཞིང་བརྟན་པའི་གསར་བརྗེའི་དད་སེམས། རང་དོན་རྒྱབ་སྐྱུར་གྱི་ལས་ཀའི་སྤྱོད་ཚུལ། སྒེར་སེམས་མེད་པར་བློས་གཏོང་ཕོད་པའི་སྙིང་སྟོབས། ལྷག་བསམ་ཟོལ་མེད་ཀྱིས་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་བཅས་རེ་རེ་གླེང་བཞིན་ཕ་རབས་ཚོས་བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བརྗོད་པ་རེད།
            བཞུགས་མོལ་ཚོགས་འདུའི་ཐོག་བསྟན་དོན། གསར་བརྗེའི་སྔོན་རབས་པ་རྣམས་ཀྱིས་བོད་ལྗོངས་སུ་བསྐྱོད་པ་དང་། བོད་ལྗོངས་བཅིངས་འགྲོལ། བོད་ལྗོངས་གཉེར་སྐྱོང་། བོད་ལྗོངས་འཛུགས་སྐྲུན། བོད་ལྗོངས་དར་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་བཞག་པས། བོད་ཀྱི་བྱས་རྗེས་ཅན་གྱི་མི་སྣ་ཡིན་ལ། ལོ་རྒྱུས་ཀྱི་བདེན་དཔང་མཁན་དང་མི་རིགས་ཀྱི་དཔའ་བོའང་ཡིན། ཁོ་ཚོའི་ལྷག་བསམ་རྣམ་དག་དང་སྒེར་སེམས་མེད་པ་ནི་དུས་ནམ་ཡིན་ཡང་རྩ་ཆེན་གྱི་རྒྱུ་ནོར་ཞིག་རེད། ཚོགས་ཞུགས་པ་རྣམས་ཀྱིས་གསར་བརྗེའི་སྔོན་བྱོན་པ་རྣམས་བོད་ལྗོངས་སུ་དཔུང་སྐྱོད་བྱས་ནས་བོད་ལྗོངས་འཛུགས་སྐྲུན་བྱས་པའི་བརྒྱུད་རིམ་ཁྲོད་ནས་“སྔ་རབས་བོད་ལྗོངས་སྙིང་སྟོབས”བསྐྲུན་ཅིང་ཀུན་གྱི་མིག་དཔེར་བསྟན་ཡོད་པར་སྙམ། ཚང་མས་གཅིག་རྗེས་གཉིས་མཐུད་སྒོས་གསར་བརྗེའི་སྔོན་རབས་པ་རྗེས་སུ་དྲན་པ་དང་ཆབས་ཅིག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་སྔར་བས་རང་རྟོགས་ངང་ལག་ལེན་དང་བརྟན་སྲུང་བྱས་ཏེ་ལག་གདང་གཅིག་ཏུ་སྦྲེལ་ནས་མདུན་སྐྱོད་དང་མཐུན་སྒྲིལ་བགྱིས་ཏེ་འབད་འཐབ་བྱས་ནས་བོད་ལྗོངས་སྐུལ་འདེད་གཏོང་བ་དང་ལྷོ་ཁའི་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ཅེས་གསུངས་པ་རེད།
            1950ལོའི་ལོ་འགོར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བྱེས་འཐབ་དམག་དཔུང་གཉིས་པའི་དམག་སྡེ་བཅོ་བརྒྱད་པའི་དཔུང་སྡེ་བཀའ་ལྟར་བོད་ལྗོངས་སུ་དཔུང་སྐྱོད་བྱས་ཤིང་། བཅིངས་འགྲོལ་དམག་གི་འཐབ་འཛིང་པ་རྣམས་དཀའ་ཉེན་ལ་མ་འཛེམས་པར་གྲང་ངར་ཆེ་བའི་མཚོ་བོད་མཐོ་སྒང་ཕྱོགས་སུ་མདུན་སྐྱོད་བྱས་པ་དང་།  འོས་འགན་ཕྱིར་བཤོལ་མ་བྱས་པར་བོད་ལྗོངས་བཅིངས་འགྲོལ་དང་བོད་ལྗོངས་སུ་བཅའ་སྡོད། བོད་ལྗོངས་འཛུགས་སྐྲུན་བཅས་སུ་ཞུགས་ཡོད། ད་ཆ་དེ་བས་མང་བའི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་ཕ་རབས་ཀྱི་དད་སེམས་ཁྲོད་ནས་འཚར་ལོངས་བྱུང་སྟེ་བོད་ལྗོངས་འཛུགས་སྐྲུན་ལ་མུ་མཐུད་དུ་ཞབས་འདེགས་ཞུ་བཞིན་ཡོད།
འབྲེལ་ཡོད་རྩོམ་ཡིག