ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ།

2019-10-08
—— རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2019·ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་སྐོར་བཀོད་པ།
              འདི་ལོའི་ཟླ་6ཚེས་14ཉིན། “2019·ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་གླེང་སྟེགས”ལྷ་སར་འཚོགས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་དུ་བཟུང་བའི་གནས་བབ་གལ་ཆེན་བསྐྱར་དུ་ནན་བཤད་གནང་བ་དང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་གཏིང་ཟབ་བསྟན་གནང་བ། བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་བ། སྐུ་ངོ་མས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་བཏིང་གནང་བ་བཅས་ཀྱི་ཐོག་ནས་ང་ཚོས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འདིང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།
              བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་སེམས་ཤུགས་འཕེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་པ་དང་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
              ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་ནུས་ལྡན་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་བཏང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། 
              ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བཅས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་ཏན་ཏིག་བཏང་བས། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2018ལོའི་སྒོར་དུང་ཕྱུར་1477.6བར་མཐོ་རུ་སོང་ཡོད།
              རང་ལྗོངས་ཀྱིས་གསར་གཏོད་དེ་ཉིད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོར་བརྩིས་ཏེ་འཕེལ་རྒྱས་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ཡོད། ལམ་ལུགས་གསར་གཏོད་ལ་སྐུལ་སྤེལ་ཧུར་ཐག་བཏང་ཞིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་གཞུང་ཁོངས་ཁེ་ལས་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར། གཞི་རྒྱུའི་ཁྲོམ་ར། ནོར་ཁྲལ་སྒྲིག་སྲོལ། དངུལ་རྩའི་སྒྲིག་སྲོལ། རྒན་གསོ་འགན་བཅོལ་ལམ་ལུགས། གསོ་རིག་འཕྲོད་བསྟེན་སྒྲིག་སྲོལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་འཕེལ་རྒྱས་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྲིད་གཞུང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་བྱེད་པོར་འཛིན་པ་དང་། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ། སྲིད་ཐོན་སློབ་ཞིབ་ཟུང་འབྲེལ་བཅས་ཀྱི་ཚན་རྩལ་གསར་གཏོད་མ་ལག་ཅིག་མྱུར་པོ་སྐྲུན་པ། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
              ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་ས་ཚིགས་73སྐྲུན་རྩིས་ཡོད་པ་དང་། ཞིང་འབྲོག་པའི་ཆེད་ལས་བདག་སྐྱོང་བ་780བསྡུས་ཏེ་བདག་སྐྱོང་བ་དང་། ཁྲིམས་འཛིན། མཁྲེགས་ཆས་སྒྲིག་བཀོད་སོགས་ལ་རང་འགུལ་ངང་ལས་དོན་བསྒྲུབས་ནས་གསར་གཏོད་ཚོད་ལྟ་བྱས་པས་ཟབ་ཟོབ་ནས་དོ་དམ་ནན་པོ་དང་། སྒོ་དབྱེའི་རྣམ་པ་ནས་བཀག་འདོམས་རྣམ་པའི་དོ་དམ། ཆེད་ལས་བདག་སྐྱོང་བ་འབྲོག་པ་དཀྱུས་མ་ནས་སྣོད་བཅུད་སྲུང་སྐྱོང་བ་གྱུར་པའི་བར་གྱི“འགྱུར་ལྡོག་གསུམ”བྱུང་ཡོད། ཤན་རྩ་རྫོང་གི་ལོ་57ལ་སླེབས་པའི་བདག་སྐྱོང་བ་སྐལ་དབང་གིས“ང་ཉིན་ལྟར་སྦག་སྦག་ལ་བཞོན་ནས་སྐོར་སྲུང་ལ་སྤྱི་ལེ་20ལྷག་ཙམ་འགྲོ་གི་ཡོད། ལོ་རེ་བཞིན་གཙོད་མང་དུ་འགྲོ་གི་ཡོད་ལ་སྲུང་སྐྱོང་མི་སྣར་འདྲོག་གི་མེད། ངས་རྟག་ཏུ་ཐག་ཉེ་ས་ནས་གཙོད་ཀྱིས་རྩྭ་ཟ་བ་དང་ཅི་དགར་རོལ་བའི་བརྙན་ཐུང་སྐད་འཕྲིན་གྲོགས་ཚོམ་དུ་སྐུར་གྱི་ཡོད”ཅེས་བཤད།
              གྲངས་གཞི་ལས་མངོན་པར། བོད་ཀྱི་གཙོད་ཀྱི་གྲངས་འབོར་དེ་སྔའི་ཁྲི་5ནས་མིག་སྔའི་ཁྲི་20བར་མང་དུ་སོང་བ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དེ་སྔའི་3000མ་ཟིན་པ་ནས་མིག་སྔའི་8000བར་མང་དུ་སོང་བ། འབྲོང་དང་། རྐྱང་། གཉན། གནའ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། མིག་སྔའི་བར། བོད་ཀྱིས་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ(དེའི་ནང་རྒྱལ་ཁབ་རིམ་པ་11ཡོད)དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་གཞུང་ཁོངས་ས་ཆའི་རྒྱ་ཁྱོན་གྱི་34%བཟུང་ཡོད། ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་དཔྱད་ཚད་ལེན་དང་དཔྱད་དཔོག་ལས་མངོན་པར། བོད་ཀྱི་ས་མཐོའི་སྣོད་བཅུད་མ་ལག་གི་གྲུབ་ཆ་སྣ་ཚོགས་སྤྱིའི་ཆ་ནས་བརྟན་པ་དང་། སྣོད་བཅུད་སྤུས་ཚད་བརྟན་ལ་ལེགས་པ། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་བཟང་ཚད་95%ཡན་ཟིན་པ། ཡར་ཀླུང་གཙང་པོ་སོགས་གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་ཆུ་ཁོངས་ཚད་གཞི་རིགས་དང་པོ་དང་གཉིས་པར་རྒྱུན་འཁྱོངས་ཐུབ་ཡོད། ད་ཆའི་བོད་དུ་རི་སྔོན་པོ་འགྱིང་ངེར་གནས་པ་དང་། ཆུ་དྭངས་མོ་ཡུན་དུ་བཞུར་བ། མཁའ་རླུང་རྒྱུན་དུ་གཙང་བ་བཅས་ཡོད་ཅིང་། སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།
              ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམ་པོར་དམིགས་ཏེ་བསྟུན་མཁས་དང་། སྒོ་དབྱེ། མཉམ་ལས་བཅས་ཀྱི་སྲིད་ཇུས་མ་ལག་ཅིག་བསྐྲུན་ཏེ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་རེད། བོད་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས“རྒྱུད་གཅིག་ལམ་གཅིག”ལ་ཧུར་ཐག་ཞུགས་ཤིང་། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་ལ་ཞུགས་ཏེ་ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་མཉམ་ལས་ཁུལ་ལ་སྐུལ་འདེད་གཏོང་གི་ཡོད། ནེ་པ་ལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ལྕགས་ལམ་དང་གཞུང་ལམ་ཧུར་ཐག་སྐྲུན་པ་དང་དུས་མཚུངས། བོད་ལྗོངས་མཁའ་འགྲུལ་ཀུང་སིས་ནེ་པ་ལ་གངས་མི་མཁའ་འགྲུལ་ཀུང་སི་དང་མ་རྩ་མཉམ་གཏོང་གིས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་བཙུགས་ནས་བར་སྣང་གི་ཁྱམས་རིང་ཞིག་བཏོད་ཡོད། སྐྱིད་གྲོང་དང་སྤུ་ཧྲེང་སོགས་ཀྱི་འགག་སྒོ་མགྱོགས་པོ་བསྐྲུན་ནས་འགྲམ་འགག་སྒོ་ཚན་རིག་དང་མཐུན་པའི་ངང་འགྲོ་འོང་སླར་གསོ་སྐུལ་འདེད་བརྟན་པོ་བཏང་བ་རེད། སྒོ་དབྱེ་རྣམ་པའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་ཞིང་། “ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”སྐབས་བཅུ་དྲུག་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ཏེ། སྐྱིད་གྲོང་གི་མངའ་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་དང་ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། 2019ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་མཐའ་མཚམས་མི་སེར་གྱི་ཉོ་ཚོང་ཐད་ཕྱིར་གཏོང་ནང་འདྲེན་ཁྱོན་སྒོར་ཁྲི་1668.17ཟིན་ནས་ན་ནིང་གི་དུས་མཚུངས་ལས་4.6%འཕར་ཡོད། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱས་པ་དང་གོ་རིམ་ལྡན་པའི་ངང“གདན་འདྲེན་པ་དང་ཕྱིར་སྐྱོད་པར”སྐུལ་འདེད་བཏང་སྟེ་ཡུལ་སྐོར་དང་། རིག་གནས། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག